2024ལོའི་གསུང་ཆོས་ཕྱོགས་བསྒྲིགས་དང་གསུང་དུས་ཀྱི་ཟླ་ཚེས་བཞུགས།

健康   2024-10-17 16:31   四川  

  མཁས་དབང་ཚུལ་ཁྲིམས་བློ་གྲོས།  

2024 གསུང་ཆོས་ཕྱོགས་བསྒྲིགས། 


མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་རབ་རྒྱན་ཤིང་འབྲུག་ལོར་གནང་བའི་བོད་སྐད་ཀྱི་གསུང་ཆོས་ཕྱོགས་བསྒྲིགས་དང་གསུང་དུས་ཀྱི་ཟླ་ཚེས་བཞུགས་སོ།།

1 གསུང་གི་འཕྲིན་ལས། ༢༠༢༤


བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པ་ས་ག་ཟླ་བའི་ཚེས་བཅུ་དྲུག་ཉིན་ཏེ་ཕྱི་ལོ2024.5.24ཉིན། མཁན་ཆེན་མཆོག་གིས་བླ་རུང་གི་ཆོས་སྡེ་བཞི་ཡན་ལག་དང་བཅས་པར་ཨོ་རྒྱན་སངས་རྒྱས་གཉིས་པ་གུ་རུ་པདྨ་འབྱུང་གནས་ཀྱི་ཞལ་གདམས། མངའ་བདག་ཉང་གི་གཏེར་མ། ཉང་གཏེར་ཞལ་གདམས་ཀྱི་བཀའ་ཆོས་གནང་བའི་དབུ་ཚུགས་ཤིང་བོད་ཟླ་བཞི་པའི་ཚེས་ཉེར་དགུའི་བར་མུ་མཐུད་དུ་གསུངས། བོད་ཟླ་ལྔ་པའི་ཚེས་མགོ་ནས་སྒར་གྱི་དབྱར་གནང་ལ་ཁེལ་ཡོད་སྟབས་ཉང་གཏེར་ཞལ་གདམས་ཀྱི་བཀའ་ཆོས་ཉིན་ཁ་ཤས་ལ་གསུང་མཚམས་བཞག།

ཕྱི་ལོ2024ཟླ་7ཚེས2དང་། བོད་ཟླ་ལྔ་པའི་ཚེས་ཉེར་དྲུག་ཉིན་ནས་མུ་མཐུད་དུ་ཉང་གཏེར་ཞལ་གདམས་ཀྱི་བཀའ་ཆོས་གནང་། སྔ་ཕྱི་བསྡོམས་པའི་ཉིན་ཞེ་བདུན་གྱི་ཡུན་ལ་ཉང་གཏེར་ཞལ་གདམས་ཀྱི་གསུང་ཆོས་བསྩལ་ཏེ་བོད་ཟླ་དྲུག་པ་ཕྱི་མའི་ཚེས་བཅུ་བདུན་ཉིན་མཇུག་ལེགས་པར་གྲུབ་བོ།།

2 གསུང་གི་འཕྲིན་ལས། ༢༠༢༤


བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པའི་ཚེས་བཅོ་བརྒྱད་དང་ཕྱི་ལོ2024ཟླ5ཚེས26ཉིན་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་བོད་ཆུ་ཡོས་ལོའི་ལོ་འཁོར་དང་ལོ་མཇུག་གི་འཆད་རྩོད་བློ་ཡིག་བཞིའི་རྒྱུགས་སྤྲོད་གཟེངས་ཡིག་འབུལ་བའི་མཛད་སྒོ་ཁྲི་ཤོང་ཀུན་དགའ་ར་བའི་ནང་སྤེལ། མཛད་སྒོའི་སྟེང་མཁན་ཆེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱིས་༼བླ་རུང་གི་རིག་གནས༽ཞེས་པའི་ཞལ་བྱང་དང་འབྲེལ་ཏེ་ལམ་སྟོན་གྱི་གསུང་བཤད་ཡིད་འཁུལ་བ་གནང་།

གསུང་གི་འཕྲིན་ལས། ༢༠༢༤


བོད་ཤིང་འབྲུག་ལོའི་བོད་ཟླ་བཞི་པའི་ཚེས་བཅུ་བདུན་དང་། ཕྱི་ལོ2024ལོའི་ཟླ5ཚེས25ཉིན་བླ་རུང་པདྨ་མཁའ་འགྲོའི་འདུ་གླིང་གི་བོད་ཆུ་ཡོས་ལོའི་ལོ་འཁོར་དང་ལོ་མཇུག་གི་འཆད་རྩོད་བློ་ཡིག་བཞིའི་རྒྱུགས་སྤྲོད་གཟེངས་ཡིག་འབུལ་བའི་མཛད་སྒོའི་སྟེང་མཁན་ཆེན་བླ་མ་ཚུལ་ཁྲིམས་བློ་གྲོས་ཀྱིས་བཙུན་མ་རྣམས་ལ་ལོ་རྒྱུས་ཀྱི་གནས་བབ་སོགས་དང་འབྲེལ་ཏེ་ལམ་སྟོན་གྱི་གསུང་བཤད་ཡིད་འཁུལ་བ་གནང་། 

4 གསུང་གི་འཕྲིན་ལས། ༢༠༢༤


ཕྱི་ལོ་2024ཟླ6ཚེས7_13བར་དང་། བོད་ཟླ་ལྔ་པའི་ཚེས་གཅིག་ཉིན་ནས་ཚེས་བདུན་བར་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་ཁོང་གིས་ཕྱག་བཏབ་པའི་བླ་ལུང་རི་ཁྲོད་དུ་ཕེབས་ཏེ་ཟབ་དོན་ཉམས་ལེན་གནད་གསང་བདེ་ལམ་ཡངས་པ། སེམས་ལ་དམིགས་ནས་ཞི་གནས་འགྲུབ། ཞི་གནས་ལ་རབ་ཏུ་བསྐུལ་བའི་གཏམ་ལྷ་ཡི་རྔ་དབྱངས། ཆགས་མེད་བདེ་སྨོན་རིས་འགྲེལ་གྱི་བཀའ་ཁྲིད་བཅས་གསུངས་ནས་ཟབ་ཆོས་ཀྱི་འཁོར་ལོ་བསྐོར།

5 གསུང་གི་འཕྲིན་ལས། ༢༠༢༤


བོད་ཤིང་འབྲུག་ལོའི་བོད་ཟླ་ལྔ་བའི་ཚེས་དགུ་དང་། ཕྱི་ལོ2024ལོའི་ཟླ6པའི་ཚེས15ཉིན། མཁན་ཆེན་ལགས་ཀྱིས། ཝ་ཤུལ་ཞོ་རོག་གི་ཡུལ་དགོན་གཉིས་ལ་ཀུན་མཁྱེན་མི་ཕམ་རྒྱ་མཚོའི་ཞལ་གདམས་ཡུལ་མི་རྣམས་ལ་གཏམ་དུ་བྱ་བའི་གསུང་ཆོས་གནང་།

6 གསུང་གི་འཕྲིན་ལས། ༢༠༢༤


ཕྱི་ལོ་2024ཟླ6ཚེས17_30བར་དང་། བོད་ཟླ་ལྔ་པའི་ཚེས་བཅུ་གཅིག་ཉིན། ཏུན་ཧོང་ཡིག་རྙིང་ལས་ཐོན་པའི་ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོའི་འཆད་ཁྲིད་དབུ་ཚུགས་ཤིང་། ཉིན་བཅུ་གསུམ་གྱི་རིང་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སྒོ་ནས་ཏུན་ཧོང་ཡིག་རྙིང་གི་བཀའ་ཁྲིད་ཞིབ་རྒྱས་སུ་བསྩལ།

7 གསུང་གི་འཕྲིན་ལས། ༢༠༢༤


བོད་ཟླ་དྲུག་པ་ཕྱི་མའི་ཚེས་བཅོ་བརྒྱད་དང་། 2024.8.22ཉིན། བཅོམ་ལྡན་འདས་ཀྱི་མདོ་ལས་བྱུང་བའི་དཀར་ཟས་སྐོར་གྱི་ཚན་པ་གཉིས་ཀྱི་བཀའ་ཁྲིད་གནང་།

8 གསུང་གི་འཕྲིན་ལས། ༢༠༢༤


བོད་ཟླ་དྲུག་པ་ཕྱི་མའི་ཚེས་བཅུ་དགུ་དང་། 2024.8.23ཉིན་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་འཛིན་གྲྭའི་མཁན་པོ་རྣམ་པ་དང་། བླ་རུང་པདྨ་མཁའ་འགྲོའི་འདུ་གླིང་གི་འཛིན་གྲྭའི་མཁན་མོ་རྣམས་ལ་བོད་ཀྱི་གོས་རྒྱན་རིག་གནས་ཀྱི་འདས་པའི་ལོ་རྒྱུས་དང་། ད་ལྟའི་གནས་བབ། མ་འོངས་པའི་འཕེལ་ཕྱོགས་ཀྱི་སྐོར་ནས་གསུང་ཆོས་ཞིབ་རྒྱས་སུ་གནང་བ།

9 གསུང་གི་འཕྲིན་ལས། ༢༠༢༤


བོད་ཟླ་དྲུག་པ་ཕྱི་མའི་ཚེས་བཅུ་བདུན་དང་། 2024.8.21 སྐབས་བཅུ་གཅིག་པའི་གསེར་ཐང་བླ་མ་རུང་ལྔ་རིག་ནང་བསྟན་སློབ་གླིང་གི་སྡོམ་བརྩོན་སྡེ་སྣོད་འཛིན་པའི་མཁན་པོར་མངའ་གསོལ་གྱི་མཛད་སྒོའི་སྟེང་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་མཁན་པོ་གསར་པ་རྣམས་ལ་གྲུབ་མཐའ་རིས་མེད་གཙོ་སྙིང་དུ་བཟུང་ནས་གཞུང་ལུགས་འཆད་ཁྲིད་ཀྱི་བསྟན་པ་སྤེལ་དགོས་པའི་སྐོར་དང་། ཟུར་ནས་ཐབས་ལམ་ཡང་དག་ལ་བརྟེན་ནས་བོད་ཀྱི་དད་ལྡན་མང་ཚོགས་ལ་ཕན་པའི་བྱ་བ་བསྒྲུབ་དགོས་པའི་སྐོར་སོགས་ལ་གནང་བའི་གསུང་བཤད་གལ་ཆེན།

10 གསུང་གི་འཕྲིན་ལས། ༢༠༢༤


བོད་ཟླ་དྲུག་པ་ཕྱི་མའི་ཚེས་ཉེར་བརྒྱད་དང་། 2024.8.2ཉིན་མཁན་ཆེན་བླ་མ་ཚུལ་ཁྲིམས་བློ་གྲོས་མཆོག་གིས་སྐབས་༢༣པའི་ཨེ་འགོག་རང་འདུན་པར་གསུང་བའི་ཞི་གནས་སྒོམ་ཚུལ་གྱི་ཁྲིད་བཅས་སོ།།

      སེམས་ཀྱི་སྨན་ཚང་གིས་རབ་རྒྱན་ཤིང་འབྲུག་ལོའི་གསུང་ཆོས་སྒྲིག་སྦྱོར་དང་གསུང་ཆོས་གནང་བའི་ཟླ་ཚེས་དག་འདིར་ངོ་སྤྲོད་ཉུང་བསྡུས་བྱས་ཡོད་པས་གསན་གཟིགས་གནང་བར་ཞུ། 

༢༠༢༤ལོའི་བླ་མའི་སྐུ་བརྙན། 

བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས།།
མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས།།
འཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས།།
བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་རློབས།།


 

阳光之卫
སློབ་གསོ། གསར་འགྱུར། དཔེ་ཀློག གླུ་གཞས་སོགས་འཕྲིན་སྟེགས་འདི་ལས་གཟིགས་ཐུབ།
 最新文章