བཅོས་མའི་དུས་རབས། འཛི་གུར་ཀུམ།

健康   2024-10-20 21:37   四川  

བཅོས་མའི་དུས་རབས།


མཐོན་པོ་དབང་ཆེན་གྱིས་རྒྱུ་ཤེད་ངོམས་དུས།།
གཞོན་པ་ཚུགས་མེད་ཀྱིས་སྤྲེལ་ལད་འཁྲབ་དུས།། 

སྒལ་ཚིགས་སྲ་མོ་ཡིས་རང་ཚུགས་ཟིན་མཁན།།
ད་ཆའི་དུས་སྐབས་ན་ཅི་ཙམ་ཡོད་ཨང་།། 


ཕྱོགས་རིས་འཐེན་འཁྱེར་གྱིས་ཐལ་རྡུལ་འཚུབ་དུས།།

གཡམ་རྒྱུག་ཆོ་མེད་ཀྱི་འུར་སྒྲ་རྒོད་དུས།།
རང་ཚུགས་བརྟན་པོ་ཡིས་རྒྱུ་འབྲས་སྲུང་མཁན།།
ད་ཆའི་དུས་སྐབས་ན་ཅི་ཙམ་ཡོད་ཨང་།།


མཛེས་མཛེས་བཅོས་བཅོས་ཀྱིས་ཕྱི་ཚུལ་བརྒྱན་དུས།།

འགྲིག་འགྲིག་ཅོག་ཅོག་གིས་མི་འཕྲུལ་སྟོན་དུས།། 

མངོན་ལྐོག་འགལ་མེད་ཀྱིས་འཚོ་བ་རོལ་མཁན།།
ད་ཆའི་དུས་སྐབས་ན་ཅི་ཙམ་ཡོད་ཨང་།། 


མི་ཤེས་ཤེས་མདོག་གིས་སྟོང་སྐད་སྒྲོག་དུས།།
མ་ཡིན་ཡིན་མདོག་གིས་རྫིག་ཉམས་ངོམས་དུས།
རང་གཤིས་བཅོས་མེད་ཀྱིས་མི་ཡུལ་ཉུལ་མཁན།།
ད་ཆའི་དུས་སྐབས་ན་ཅི་ཙམ་ཡོད་ཨང་།།

ཁྲ་ཁྲ་འུར་འུར་གྱིས་མི་ཡུལ་གཏམས་དུས།།
འདོད་ཧམ་མེ་ལྕེ་ཡི་འབར་ཤུགས་རྒོད་དུས།།
སྤྲོས་མེད་བག་ཕེབས་ཀྱིས་ཤེས་རིག་འཚོལ་མཁན།།
ད་ཆའི་དུས་སྐབས་ན་ཅི་ཙམ་ཡོད་ཨང་།། 


ཆེ་ཚུགས་མཁས་ཚུགས་ཀྱིས་སྒྲོབ་ཉམས་སྟོན་དུས།།
ཁ་ཡག་ངོ་དགའ་ཡི་གཅམ་ཚིག་བཤམས་དུས།།
གཉོམ་ཆུང་ཚུལ་མཐུན་གྱིས་ཐོས་པ་འཚོལ་མཁན།། 

ད་ཆའི་དུས་སྐབས་ན་ཅི་ཙམ་ཡོད་ཨང་།།

ཕ་སྐད་མ་ཡིག་གི་དབུ་འཕང་དམན་དུས།།
སྦྲགས་སྐད་བསྲེས་སྐད་ཀྱི་རོ་ལངས་རྒྱག་དུས།།
ཕ་སྐད་གཙང་མ་ཡི་སྨྲ་ལྕེ་ཐོགས་མཁན།།
ད་ཆའི་དུས་སྐབས་ན་ཅི་ཙམ་ཡོད་ཨང་།།

ཀླད་སྟོང་མགོ་བདེ་ཚོའི་གཡོ་འཕྲུལ་བྲིན་དུས།།
ཤེས་རྨོངས་བསམ་མེད་ཚོར་མགོ་སྐོར་ཐེབས་དུས།།

རང་སྲུང་རང་བདག་གི་མྱི་གཤིས་ཡོད་མཁན།།
ད་ཆའི་དུས་སྐབས་ན་ཅི་ཙམ་ཡོད་ཨང་།།

ཐོལ་བྱུང་དུ་འཛི་གུར་ཀུམ་གྱིས།


阳光之卫
སློབ་གསོ། གསར་འགྱུར། དཔེ་ཀློག གླུ་གཞས་སོགས་འཕྲིན་སྟེགས་འདི་ལས་གཟིགས་ཐུབ།
 最新文章