༄༅། །ས་སྙིང་བསྟོད་པ་ས་གཞིའི་མཛེས་རྒྱན་བཞུགས།
ཀུན་མཁྱེན་མི་ཕམ་རྒྱ་མཚོ།
ས་ཡི་སྙིང་པོས་འགྲོ་ཀུན་རྗེས་སུ་འཛིན། །ས་གཞི་བཞིན་དུ་རྣམ་མང་ཡོན་ཏན་རྟེན། །ས་གསུམ་རེ་སྐོང་ཡིད་བཞིན་ནོར་བུའི་ཚུལ། །ས་བཅུའི་དབང་ཕྱུག་ཁྱོད་ལ་ཕྱག་འཚལ་བསྟོད། །ས་ནས་སར་འདྲེན་རྒྱལ་བའི་ས་ལ་འགོད། །ས་བཅུད་རྩི་སྨན་ལོ་ཏོག་རྒྱུན་འཕེལ་ཞིང་། །ས་འདི་རྣམ་མང་འབྱོར་པས་ཡོངས་བཀང་བའི། །ས་ཡི་ལྷ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད། །བུམ་བཟང་དཔག་བསམ་ཤིང་དང་རྫོགས་ལྡན་སྤྲིན། །བདུད་རྩིའི་ཆུ་མཚོ་ཇི་བཞིན་གང་གིས་ཁྱོད། །དྲན་པ་དེ་ལ་དཔལ་དུ་ལེགས་གནས་པ། །ཐུགས་རྗེའི་བདག་ཉིད་ཁྱོད་ལ་ཕྱག་འཚལ་བསྟོད། །རབ་འབྱམས་སྲས་བཅས་རྒྱལ་བའི་ཡོན་ཏན་མཆོག། །ནམ་མཁའ་མཛོད་ཀྱི་མངའ་བདག་ཁྱོད་གཅིག་པུ། །རྒྱལ་སྲས་ཚུལ་གྱིས་མཐའ་ཡས་ཞིང་རྣམས་སུ༑ ༑རྒྱལ་བའི་མཛད་པ་མཐའ་དག་སྐྱོང་ལ་འདུད། །དཔག་མེད་ཡོན་ཏན་ནོར་བུའི་འོད་ཟེར་གྱིས། །སྙིགས་མའི་རྒུད་པ་མཐའ་དག་གཏན་དུ་བསྙིལ། །ཕུན་ཚོགས་སྡེ་བཞིའི་དཔལ་གྱིས་མངོན་མཐོ་བའི། །རླབས་ཆེན་ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད། །
འཇམ་དབྱངས་འཇིག་རྟེན་དབང་ཕྱུག་ཀུན་ཏུ་བཟང་། །མ་ཕམ་པ་སོགས་རྒྱལ་སྲས་སེམས་དཔའ་མཆོག །རྣམ་མང་བསྐལ་པར་མཆོད་ཅིང་གསོལ་བཏབས་ལས། །ཁྱོད་གཅིག་ཡིད་ཙམ་དྲན་པས་རེ་འདོད་རྣམས། །ཡིད་བཞིན་སྩོལ་ལ་ཁྱད་པར་འཕགས་ཞེས་སུ། །རྒྱལ་བས་བསྔགས་པ་རྒྱལ་སྲས་ཐུ་བོ་མཆོག། །རྒྱལ་བ་རྣམས་དང་དབྱེར་མེད་ཁྱེད་བསྟོད་པས། །བདག་ལ་ཅི་འདོད་དཔལ་རྣམས་ལེགས་སྩོལ་མཛོད། །ས་གསུམ་འགྲོ་འདིས་དད་པའི་སྟོབས་རྙེད་ཅིང་། །ས་ཡི་དབང་ཕྱུག་ཁྱེད་ཀྱིས་རྗེས་སུ་འཛིན། །ས་བཅུད་དཔལ་འཕེལ་ས་སྟེང་བདེ་བས་ཁྱབ། །ས་ནས་སར་བགྲོད་ས་མཆོག་འགྲུབ་པར་ཤོག།
ཅེས་ཚིགས་སུ་བཅད་པ་བཀྲ་ཤིས་རྫས་བརྒྱད་ཀྱི་གྲངས་སུ་སོན་པ་འདི་ནི་མི་ཕམ་འཇམ་དཔལ་དགྱེས་པས་མེ་རྟ་ཁྲུམས་ཟླ་འཁོར་ལོའི་ཚེས་༢༧ལ་བཀོད་པ་དགེ་ལེགས་འཕེལ།། །།
ས་ཡི་སྙིང་པོ་ཁྱེད་ཀྱི་ཐུགས་བསྐྱེད་དང་། །
མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །
བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །
དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །
ས་ཡི་སྙིང་པོའི་ཡོན་ཏན་དང་ཕན་ཡོན།
ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ།
ས་ཡི་སྙིང་པོ་འདིས་ལོ་ཏོག་ཕུན་སུམ་ཚོགས་པ་ཡོང་བར་བྱེད་པ་དང་། བསམ་པའི་དོན་ཐམས་ཅད་འགྲུབ་པར་བྱེད་པ་ནི། ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས། བྱང་ཆུབ་སེམས་དཔའ་འཇམ་དཔལ་དབྱངས་དང་། ཀུན་ཏུ་བཟང་པོ་དང་། བྱམས་པ་མགོན་པོ་དང་། སྤྱན་རས་གཟིགས་། ལ་སོགས་པར་བསྐལ་བའི་བར་དུ་གསོལ་བ་བཏབ་པ་བས་འདོད་པའི་དོན་གང་དང་གང་ཡིན་ཡང་འགྲུབ་པར་བྱེད་པ་ལ་ས་ཡི་སྙིང་པོ་ལ་ཐེངས་གཅིག་ཡུད་ཙམ་ལ་གསོལ་བ་བཏབ་ན་ཕན་ཡོན་ཆེ་ཞེས་གསུངས་ཨོས་ཡོད་ཀི། དེ་གསུང་པ་པོ་ཡང་སྟོན་པ་ཐུགས་རྗེ་ཅན་རེད་མ་གཏོགས་གང་ཟག་རང་ག་བ་ཞིག་གིས་ཟེར་བ་མ་རེད། དེས་ན་ཆེ་ས་ནས་མཆོག་གི་དངོས་གྲུབ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འདོད་ན་འདྲ། ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་འདོད་ན་ཡང་འདྲ། ཆུང་ས་ནས་བཟའ་རྒྱུ་དང་། བཏུང་རྒྱུ། གྱོན་རྒྱུ་ཡོང་བྱེད་དང་། ཁ་ལས་རླུང་རྟ་དར་བྱེད། བསམ་པ་ལམ་དུ་འགྲོ་བྱེད་ལའང་འདི་ལས་བཟང་ཞིག་ཅི་ཡང་ཡོད་ནི་མ་རེད།
དེ་བཞིན་དུ་ས་ཡི་སྙིང་པོ་ལ་གསོལ་བ་བཏབ་ན་གྲུབ་འབྲས་ཅི་ཡོད་འུ་ཅག་གིས་ཀྱང་གསལ་འདུག་གི། དཔེར་ན་ཉེ་སྔོན་གསེར་སྨད་གཙོ་བོར་གྱུར་པའི་འུ་ཅག་གི་ལྷ་སྡེ་བྲག་འགོ་དང་། རྡོ་བ། ཉག་རོང་། དཀར་མཛེས་སོགས་ལ་མུ་མཐུད་དུ་ཉིན་བཅུ་ལྷག་ཅིག་ལ་ཉི་མས་ཚིག་ནས་ཅི་འདྲ་ངན་པ་ཞིག་ཡོང་ཐལ་ཟེར། ངས་གོ་ཚོད་ལྟར་ན་ངན་པ་ཚིག་ཡོང་བའི་ཉིན་ཞིག་ལ་ང་ཚོ་བླ་སེར་ཡོངས་རྫོགས་ཀྱིས་ས་ཡི་སྙིང་པོའི་མཚན་བཏོན་པས་དེ་མ་ཐག་ཏུ་ཆར་གྱི་རྒྱུན་བབ་ནས་བྱིན་རླབས་ཀྱི་གྲུབ་འབྲས་དེ་ལྟ་བུ་ཞིག་ཡོད་པ་གོ་སོང་།
དེས་ན་ས་ཡི་སྙིང་པོ་ལ་གསོལ་བ་འདེབས་མཁན་གྱི་གང་ཟག་གིས་འཇིག་རྟེན་ཚེ་འདིར་ཚེ་རིང་ནད་མེད་ལོངས་སྤྱོད་དང་ལྡན་ཞིང་། བསམ་པ་ཐམས་ཅད་གེགས་མེད་ཡིད་བཞིན་དུ་འགྲུབ་པ་དང་། ཕྱི་མར་ཡང་ཚེ་འཕོས་མ་ཐག་ཏུ་རང་དང་རང་ལ་འབྲེལ་བ་ཐོགས་པའི་སེམས་ཅན་ཐམས་ཅད་ཀུན་ཀྱང་བདེ་བ་ཅན་གྱི་ཞིང་ཁམས་ལ་སྐྱེ་བར་བྱེད་པའི་ཉེ་རྒྱུ་ཐུན་མོང་མ་ཡིན་པ་ཡང་འགྲུབ་པ་རེད། དེར་མ་ཟད་ས་ཡི་སྙིང་པོ་ལ་གསོལ་བ་བཏབ་ན་མཐར་ཐུག་བདེ་བ་བླ་ན་མེད་པ་ཉན་ཐོས་དང་། རང་རྒྱལ་དང་། བྱང་ཆུབ་སེམས་དཔའ་དང་། སངས་རྒྱས་ཐམས་ཅད་ཀྱི་ཡོན་ཏན་དང་ཡེ་ཤེས་ཀུན་ཀྱང་རང་རྒྱུད་ལ་ངེས་པར་དུ་འབྱུང་ནི་རེད། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་དེ་ནི་ཡིད་བཞིན་ནོར་བུ་འབུམ་གྱིས་ཀྱང་འགྲན་དུ་མེད་པའི་སྲིད་ཞིའི་ཁམས་ན་ནོར་བུ་གཅིག་པུར་གྱུར་པ་དེ་རེད། ཡིད་བཞིན་གྱི་ནོར་བུ་ཕལ་བ་ཞིག་ལ་གསོལ་བ་ཇི་ལྟར་བཏབ་ཀྱང་འཇིག་རྟེན་གྱི་རྒྱུ་ནོར་ཙམ་མ་གཏོགས་འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་དང་། ཏིང་འཛིན་དང་། ཤེས་རབ་ལ་སོགས་པའི་ཡོན་ཏན་ཐམས་ཅད་སྩོལ་ནུས་ནི་མ་རེད། ས་ཡི་སྙིང་པོ་འདིས་ནི་བསམ་པ་ཙམ་གྱིས་ཡོན་ཏན་ཐམས་ཅད་སྩོལ་བར་བྱེད་ནི་རེད། དེའི་ཕྱིར་བྱང་ཆུབ་སེམས་དཔའ་གཞན་ལས་ཀྱང་། སྔོན་གྱི་ཐུགས་བསྐྱེད་ཚུལ་དང་ལམ་ལ་སློབ་ཚུལ་གྱི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱི་རེ་བ་སྐོང་ཚུལ་ཡང་ས་ཡི་སྙིང་པོ་འདི་མཆོག་ཏུ་གྱུར་པ་ཡིན་པ་གོང་དུ་མདོ་སྡེ་ལས་གསུངས་པ་ལྟ་བུ་རེད།
ས་སྙིང་དགེ་བསྐུལ་རེའུ་མིག
དེ་རིང་ནི་བོད་ཤིང་འབྲུག་ལོའི་བོད་ཟླ་བརྒྱད་པའི་ཚེས་ཉེར་གཅིག་སྟེ་འཕགས་མཆོག་ས་ཡི་སྙིང་པོའི་དུས་ཚེས་དམིགས་བསལ་བ་ཡིན། དུས་ཚེས་ཁྱད་པར་བའི་སྐབས་དང་བསྟུན་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་སེམས་ཅན་ལ་བདེ་སྐྱིད་འབྱུང་བའི་ཕྱིར་དང་། མི་སྒེར་སོ་སོའི་འདོད་དོན་ལེགས་འགྲུབ་ཡོང་བའི་ཆེད་དུ་ས་ཡི་སྙིང་པོའི་མཚན་གྱི་དགེ་བསྐུལ་ཞིག་བྱེད་རྒྱུ་ཡིན་པས་ཚང་མས་ཅི་ནུས་ཀྱིས་བཏོན་ནས་འོག་གི་འབོར་བསྡོམས་རེའུ་མིག་ཏུ་འགོད་རོགས་ཞུ།
འདིར་ཐོན་པའི་ས་སྙིང་གི་གྲངས་ཀ་ཡོངས་གཅིག་མ་ཆད་པ་དང་གཉིས་མ་ལྷག་པའི་སྒོ་ནས2025ལོའི་ས་སྙིང་དུང་སྒྲུབ་ཆེན་མོའི་དགེ་བསྔོའི་གྲལ་དུ་འགྲོ་ངེས་བྱེད་ཡོང་།