ད་ལྟའི་བོད་མི། དྷཱིཿ ལྷ་ལྡན་གྱི་གསར་རྩོམ།

健康   2024-10-06 10:32   四川  

ད་ལྟའི་བོད་མི།


དྷཱིཿ ལྷ་ལྡན།


དྲྭ་བའི་འཇིག་རྟེན་ལོ་བརྒྱའི་རྩག་རྙིང་སྟེ།
ཐེངས་རེར་ཕྱེ་ན་སེམས་ཁམས་རྡུལ་གྱིས་སྒྲིབ། །
ཀློག་མཁན་དག་ནི་རླན་སྐྱེས་འབུ་ཕྲ་ཉིད། །
དེ་ལ་ཚང་བཅས་ཚེ་སྲོག་དེ་ལ་གཟད། །


དྲྭ་གྲགས་རྣམས་ནི་སྒྱུ་རྩལ་མཁན་པོ་སྟེ། །
གློག་སྒམ་ངོས་སུ་དགའ་སྐྱོའི་འཁྲབ་སྟོན་བགྱི། །
ལྟ་མཁན་དག་ནི་ལོ་གསུམ་བྱིས་པ་སྟེ། །
དེ་ལ་ཅེར་ཏེ་སེམས་ནས་ངུ་ཞིང་དགོད། །

བོད་མིའི་སྤྱི་ཚོགས་མདོག་འགྱུར་མེ་ཤེལ་ཏེ། །
དུས་ཀྱི་ཉི་འོད་ཁྲོད་ནས་ངེས་མེད་འགྱུར། །
ཕ་ཡིག་ཕ་སྐད་སྟོན་མཇུག་ལོ་མ་སྟེ། །
ཕྱི་རབས་བུ་ཚའི་ཁ་ན་རྐམ་ཞིང་རྙིད། །

དགོན་སྡེ་དག་ནི་ཚོང་འདུས་ཁྲོམ་ར་སྟེ། །
བཤད་སྒྲུབ་བོར་ཞིང་འབྱོར་བའི་ཕྱོགས་ལ་འདུར། །
ཆོས་དཔོན་དག་ཀྱང་འབྱོར་བའི་ཁོལ་བོ་སྟེ། །
ཚུལ་གནས་ཐོས་ལྡན་བོར་ཞིང་འབྱོར་ལྡན་བཀུར། །

བསྟན་པའི་མཐའ་ལ་ཐུག་པ་སྟོན་པས་གསུངས། །
བོད་མིའི་མཐའ་ལ་ཐུག་པ་མཐོང་བས་གྲུབ། །
ཆོས་སྲིད་ཆག་གྲུམ་ཤོར་བའི་ལོ་ཟླ་འདིར། །
བླུན་པོ་དག་ནི་འབྱོར་བས་ཚིམས་ཤིང་དགོད། །


阳光之卫
སློབ་གསོ། གསར་འགྱུར། དཔེ་ཀློག གླུ་གཞས་སོགས་འཕྲིན་སྟེགས་འདི་ལས་གཟིགས་ཐུབ།
 最新文章