2025ལོ་འཁོར་གྱི“རྒྱལ་ཁབ་ཀྱི་གཞུང་ཞབས་པའི་ཡིག་རྒྱུགས”ལ་མི་ཁྲི258.6ཞུགས་ཡོད་པ།
གསར་འགོད་པས་ཚེས1ཉིན་རྒྱལ་ཁབ་གཞུང་ཞབས་པ་ཅུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་ལས་ཁུངས་དང་དེའི་ཐད་གཏོགས་སྒྲིག་གཞིས2025ལོའི་ལོ་འཁོར་གྱི་གཞུང་ཞབས་པ་བསྡུ་བའི་སྤྱི་པའི་སློབ་ཚན་གྱི་ཡིག་རྒྱུགས་དེ་ཚེས1ཉིན་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)31གི་གྲོང་ཁྱེར248དང་རྒྱུགས་ར101345རུ་དུས་མཉམ་དུ་སྤེལ་བ་དང་། རྒྱུགས་སྤྲོད་སློབ་མ་ཁྲི298.2ཀྱིས་ཡིག་རྒྱུགས་མ་བཏང་གོང་མིང་ཐོ་བཀོད་ནས་གཏན་འཁེལ་བྱས་པ་དང་། མི་ཁྲི258.6ཡིག་རྒྱུགས་ནང་དངོས་སུ་ཞུགས་ཤིང་ཡིག་རྒྱུགས་ནང་ཞུགས་ཚད86.7%ཙམ་ཟིན་ལ། ཡིག་རྒྱུགས་ནང་ཞུགས་མཁན་མི་གྲངས་དང་རྒྱུགས་བསྡུའི་འཆར་གཞིའི་གྲངས་འབོར་གྱི་བསྡུར་གྲངས65:1ཙམ་ཟིན་ཡོད། རྒྱུགས་སྤྲོད་ལྟ་ཞིབ་དང་སྐོར་སྐྱོད་ལྟ་ཞིབ། ཡིག་རྒྱུགས་ལས་དོན་མི་སྣ་བཅས་མི་ཁྲི26.3ཡིས་ཞབས་ཞུའི་འགན་ལེན་བྱས་ཡོད། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་མགོ་ཁྲིད་ལ་ཤུགས་སྣོན་དང་། སྒྲིག་འཛུགས་ཞིབ་ཚགས། གཞོགས་འདེགས་དམ་ཟབ་བཅས་བྱས་ཏེ་རྒྱུགས་སྤྲོད་ཞབས་ཞུ་ཇེ་ལེགས་སུ་གཏོང་བ་དང་། རྒྱུགས་སྤྲོད་སྐབས་གཡོ་ལས་བྱ་རྒྱུར་དོགས་ཟོན་བྱས་ནས་དྲང་གཞག་དང་དྲང་བདེན། བདེ་འཇགས་བཅས་ཀྱི་རྒྱུགས་སྤྲོད་ཁོར་ཡུག་ཅིག་བཏོད་ཡོད། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མས་རྒྱུགས་སྤྲོད་ཀྱི་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་ཞུས་ནས། གཞུང་དྲང་དང་དཔལ་ཡོན་ངང་རྒྱུགས་སྤྲད་པས་སྤྱི་ཡོངས་ཀྱི་རྒྱུགས་སྤྲོད་ཀྱི་སྒྲིག་ལམ་དང་རྣམ་པ་ཡག་པོ་ཡོད་པ་རེད། །