ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་ཧྲུའོ་ཨེར་ཚི་ལ་ཐུག་འཕྲད་གནང་བ།
ས་གནས་དེའི་དུས་ཚོད་ཟླ11ཚེས19ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལིས་ཡའོ་རི་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མགོ་ཁྲིད་པའི་རྩེ་ཚོགས་ལ་ཞུགས་སྐབས་འཇར་མན་གྱི་ཙུང་ལི་ཧྲུའོ་ཨེར་ཚི་ལ་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོའི་ཟླ་བཞི་པར་ཁྱེད་ཀྱིས་ཀྲུང་གོར་འཚམས་འདྲི་གནང་སྐབས། ང་ཚོས་ལྷག་བསམ་ཟོལ་མེད་དང་གཏིང་ཟབ་པ། ཕན་ནུས་ལྡན་པའི་བརྗེ་རེས་བྱས་ཡོད། ལོ་ཕྱེད་ལྷག་གི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་ལྗང་མདོག་འཕེལ་རྒྱས་དང་། རྒྱུན་མཐུད་འགྲིམ་འགྲུལ། ཧྥེ་གླིང་གི་ཞིང་ལས་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་གལ་ཆེན་བླངས་ཡོད་ལ། ཀྲུང་གོ་དང་འཇར་མན་བར་གྱི་འབྲེལ་བར་རྒྱུན་མཐུད་ངང་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་བསྣན་ཡོད། མིག་སྔར་འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་དེ་འགག་རྩའི་གནས་སུ་སླེབས་ཡོད། ཀྲུང་གོ་དང་འཇར་མན་ནི་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཉིས་པ་དང་གསུམ་པ་དང་ཤུགས་རྐྱེན་གལ་ཆེན་ལྡན་པའི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཆ་ནས། རྒྱང་རིང་དང་འཐབ་ཇུས་ཀྱི་ཟུར་ཚད་ནས་ཀྲུང་གོ་དང་འཇར་མན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྲ་བརྟན་དུ་གཏོང་བ་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་གྲུབ་འབྲས་ཅན་ལྡན་པའི་མཉམ་ལས་ཀྱི་གཏམ་རྒྱུད་མུ་མཐུད་དུ་འབྲི་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་གྱི་སྲིད་ཇུས་ལ་བརྟན་བརླིང་རང་བཞིན་དང་རྒྱུན་མཐུད་རང་བཞིན་ཚད་མཐོན་པོ་སྲུང་འཛིན་བྱེད་བཞིན་ཡོད། འཇར་མན་དང་མཉམ་དུ་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་རྒྱུན་འཁྱོངས། ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ཁེ་ཕན་ཚད་མཐོའི་མཉམ་འདྲེས་བཅས་བྱེད་འདོད་ཡོད་ལ། ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་ནི་མཉམ་དུ་འཕེལ་རྒྱས་ལ་སྐུལ་འདེད་དང་མ་འོངས་མཉམ་གཏོད་ཀྱི་གོ་སྐབས་ཤིག་ཀྱང་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་མཉམ་ལས་གྲོགས་པོ་གལ་ཆེན་ཞིག་ཏུ་བརྩིས་ནས། འཇར་མན་གྱི་ཁེ་ལས་ལ་མུ་མཐུད་དུ་རྒྱ་ཆེ་བའི་ཁྲོམ་རའི་གོ་སྐབས་འདོན་སྤྲོད་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀྱིས་གཞི་གྲངས་ཅན་དང་། རིག་ནུས་ཅན། ཐཱན་ཉུང་ཅན་བཅས་ལ་དམིགས་ཏེ་མཉམ་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་། ལག་གདང་སྦྲེལ་ནས་ཕྱོགས་གསུམ་པའི་ཁྲོམ་ར་གསར་འབྱེད་བྱས་ཏེ། མཉམ་ལས་གཉིས་ཕན་མངོན་འགྱུར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ནི་སྣེ་མང་ཅན་དུ་འགྱུར་བའི་འཛམ་གླིང་གི་སྣེ་གལ་ཆེན་ཞིག་ཡིན་པར་འདོད་ལ། ཡོ་རོབ་དང་མཉམ་ལས་བྱེད་པ་དང་། ལག་གདང་སྦྲེལ་ནས་འགྲན་སློང་ལ་ཁ་གཏད་འཇལ་བ། ཀྲུང་གོ་དང་ཡོ་རོབ་བར་གྱི་འབྲེལ་བ་རྒྱུན་མཐུད་དང་། བརྟན་བརླིང་། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བར་འབད་བརྩོན་བྱེད་རྒྱུ་ཡིན། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོའི་གློག་སྒུལ་རླངས་འཁོར་ལ་སྒོ་ཁྲལ་འཕར་མ་བསྡུ་བར་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་བཞིན་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་གླེང་མོལ་དང་གྲོས་མོལ་བྱེད་པར་བརྟེན་ནས་འགལ་བ་ཐག་གཅོད་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་བཞིན་ཡོད་པས། འཇར་མན་ཕྱོགས་ཀྱིས་དེའི་ཐད་ལ་མུ་མཐུད་དུ་ནུས་པ་གལ་ཆེན་འདོན་རྒྱུའི་རེ་བ་བཅངས་ཡོད།
ཧྲུའོ་ཨེར་ཚི་ཡིས་བསྟན་དོན། ངས་ཐེངས་སྔོན་མར་ཀྲུང་གོར་འཚམས་འདྲི་བྱས་པའི་ཚུན་ལ། འཇར་མན་དང་ཀྲུང་གོའི་བར་གྱི་འབྲེལ་བར་འཕེལ་རྒྱས་བཟང་བོ་བྱུང་ཡོད། མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག འཇར་མན་དང་ཀྲུང་གོའི་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་བཏང་སྟེ། འདྲ་མཉམ་དང་། ལྷག་བསམ་རྣམ་དག ཕན་ཚུན་བརྩི་འཇོག་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཕྱོགས་གཉིས་དང་ཕྱོགས་མང་གི་གླེང་མོལ་དང་མཉམ་ལས་ལ་ཤུགས་སྣོན་པ་དང་། འགལ་བ་ཐག་གཅོད་འོས་འཚམ་བྱེད་པ། གཉིས་ཕན་མཉམ་རྒྱལ་ཡོང་བ་བཅས་བྱས་ནས། འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་དང་མཉམ་དུ་དར་རྒྱས་ཡོང་བར་ལེགས་སྐྱེས་འབུལ་རྒྱུའི་རེ་བ་བཅངས་ཡོད། ཡོ་རོབ་དང་ཀྲུང་གོས་གླེང་མོལ་དང་གྲོས་མོལ་བརྒྱུད་ནས་གློག་སྒུལ་རླངས་འཁོར་གྱི་གནད་དོན་མྱུར་དུ་ཐག་གཅོད་པར་རེ་བ་བྱེད་ཀྱིན་ཡོད་ལ། འཇར་མན་ཕྱོགས་ཀྱིས་འདིའི་ཐད་འབད་པ་ཆེན་པོ་བྱེད་འདོད་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་ཐུག་འཕྲད་ལ་ཞུགས། །
རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།