ཀྲའོ་ལེ་ཅི་ཡིས་ཕུའུ་ཐའོ་ཡ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་།

体娱   2024-11-25 13:48   青海  

ཀྲའོ་ལེ་ཅི་ཡིས་ཕུའུ་ཐའོ་ཡ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་།

ཟླ11པའི་ཚེས21ནས་ཚེས23ཉིན་བར། ཕུའུ་ཐའོ་ཡའི་གྲོས་དཔོན་ཨ་ཅི་ཡ་ཨར་པུའུ་ལན་ཁི་ཡིས་གདན་དྲངས་པ་ལྟར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཕུའུ་ཐའོ་ཡ་ལ་དངོས་གཞིའི་མཛའ་མཐུན་འཚམས་འདྲི་གནང་། འདི་ནི་ས་དེའི་དུས་ཚོད་ཟླ11པའི་ཚེས21ཉིན། ཀྲའོ་ལེ་ཅི་ཡིས་ལི་སི་པིན་དུ་ཕུའུ་ཐའོ་ཡའི་ཙུང་ཐུང་ཏི་སའོ་སཱ་ལ་ཐུག་འཕྲད་གནང་བཞིན་པའི་པར་རེད།

ཏི་སའོ་སཱ་ལ་ཐུག་འཕྲད་གནང་སྐབས། ཀྲའོ་ལེ་ཅི་ཡིས་ཐོག་མར་ཀྲུའུ་ཞི་ཞི་ཅིན་ཕིང་གི་བྱམས་བརྩེའི་འཚམས་འདྲི་དང་སྨོན་འདུན་བཟང་པོ་བརྒྱུད་བསྒྲགས་གནང་། ཀྲའོ་ལེ་ཅི་ཡིས་བསྟན་དོན། ཉེ་བའི་ལོ་འགའི་རིང་། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཕྱོགས་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་། མི་གཞུང་བརྗེ་རེས་སྣ་མང་ཕུན་སུམ་ཚོགས་ལ། ཀྲུང་གོ་དང་ཕུའུ་ཐའོ་ཡའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕུའུ་ཐའོ་ཡ་ཕྱོགས་ཀྱིས་དུས་ཡུན་རིང་པོར་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་པར་བཀའ་དྲིན་ཆེ་ཞུ། ཕུའུ་ཐའོ་ཡ་ཕྱོགས་དང་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས། ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་བོ་ཞིག་དང་། ཐུན་མོང་གིས་འཕེལ་རྒྱས་ལ་གཞོལ་བའི་ཟླ་གྲོགས་བཟང་པོ། དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་པའི་བློས་ཐུབ་གྲོགས་པོ་བཅས་དང་། བཅོས་སྒྱུར་འཕེལ་རྒྱས་ཐད་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་བཟུང་ནས་མཉམ་དུ་དར་རྒྱས་ཡར་ཐོན་ཡོང་བར་བྱེད་འདོད་ཡོད། ཕུའུ་ཐའོ་ཡ་ཕྱོགས་ཀྱིས་ཡོ་རོབ་མནའ་འབྲེལ་ནང་ཁུལ་དུ་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱས་ཏེ། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དྲང་ནུས་སྔར་ལས་མང་པོ་འདོན་རྒྱུའི་རེ་བ་ཡོད།

ཏི་སའོ་སཱ་ཡིས་ཀྲའོ་ལེ་ཅི་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་། ཁོས་བསྟན་དོན། ཕུའུ་ཐའོ་ཡ་དང་ཀྲུང་གོ་ནི་ཕན་ཚུན་རྒྱུས་མངའ་ཡོད་པ་དང་ཕན་ཚུན་མཛའ་མཐུན་གྱི་གྲོགས་པོ་ཡིན། ད་ལོ་ནི་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ45འཁོར་བའི་ལོ་ཡིན་ལ། ཨའོ་མིན་ཀྲུང་གོའི་པང་དུ་ལོག་ནས་ལོ25འཁོར་བའི་ལོ་ཡང་ཡིན། ཕུའུ་ཐའོ་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཐོ་རིམ་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ་དང་། མཛའ་བརྩེའི་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས་ཚོང་དོན་དང་། ནུས་ཁུངས་གསར་པ། ལྗང་མདོག་དཔལ་འབྱོར། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། ཕུའུ་ཐའོ་ཡ་ཡིས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱས་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནུས་པ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཡོ་རོབ་དང་ཀྲུང་གོས་གྲོས་མོལ་ལ་ཤུགས་སྣོན་རྒྱུ་དེ་ཧ་ཅང་གལ་ཆེ་བ་ཞིག་ཡིན་པས། ཕུའུ་ཐའོ་ཡ་ཕྱོགས་ཀྱིས་དེའི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད།

མིན་ཐི་ནེ་ཀི་ལུའོ་ལ་ཐུག་འཕྲད་གནང་སྐབས། ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་གི་ཟུར་ཚད་ནས་ཀྲུང་གོ་དང་ཕུའུ་ཐའོ་ཡའི་བར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་བཏང་ནས། ཕུའུ་ཐའོ་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་འདོད་ཡོད། མིས་བཟོས་རིག་ནུས་དང་ནུས་ཁུངས་གཙང་མ་སོགས་མཉམ་ལས་ཀྱི་འཕར་གཞི་གསར་པ་བཏོད་དེ། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་དངུལ་གཏོང་དང་མཉམ་ལས་རྒྱ་ཆེར་གཏོང་རྒྱུར་སྐུལ་མ་གཏོང་དགོས། ཚན་རྩལ་གསར་གཏོད་དང་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་ཁྱབ་ཁོངས་དང་། ས་གནས་ཀྱི་བརྗེ་རེས་གཏིང་ཟབ་ཏུ་བཏང་ནས་ཕུན་སུམ་ཚོགས་པའི་མི་གཞུང་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱི་སྒྲོམ་གཞིའི་ནང་མུ་མཐུད་དུ་རོགས་ལས་བྱ་རྒྱུར་ཤུགས་བསྣན་ནས་རང་མོས་ཉོ་ཚོང་དང་། འཛམ་གླིང་བདེ་འཇགས། གནམ་གཤིས་འགྱུར་ལྡོག་སོགས་རྒྱལ་སྤྱིའི་གནད་དོན་ཐད་འབྲེལ་གཏུག་བྱ་རྒྱུར་ཤུགས་སྣོན་པ་དང་། སྔར་ལས་ཟབ་པའི་ཕྱོགས་མང་རོགས་ལས་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

མིན་ཐི་ནེ་ཀི་ལུའོ་ཡིས་བསྟན་དོན། ཕུའུ་ཐའོ་ཡ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་ལ། ཨའོ་མིན་དུ་ལག་བསྟར་བྱེད་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ལ་ཚད་མཐོའི་གདེང་འཇོག་བྱེད་ཀྱིན་ཡོད། ཀྲུང་གོ་ནི་ཕུའུ་ཐའོ་ཡ་ཡི་དཔལ་འབྱོར་གྲོགས་པོ་གལ་ཆེན་ཞིག་ཡིན་པས། ཕུའུ་ཐའོ་ཡ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཀྱི་དངུལ་གཏོང་ལ་མཐོང་ཆེན་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཚན་རྩལ་དང་། རྒྱ་མཚོའི་དཔལ་འབྱོར། རིག་གནས། ལུས་རྩལ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་བྱེད་པ་དང་། ཕུའུ་ཐའོ་ཡ་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཕྱོགས་གཉིས་དང་ཕྱོགས་མང་སྒྲོམ་གཞིའི་ནང་ཀྲུང་གོ་ཕྱོགས་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད།

ཨ་ཅི་ཡ་ཨར་པུའུ་ལན་ཁི་ལ་གྲོས་མོལ་གནང་སྐབས། ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཕུའུ་ཐའོ་ཡ་གྲོས་ཁང་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཁྲིམས་འཛུགས་སྒྲིག་གཞིའི་མཐོ་རིམ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་། དམངས་འཐུས་ཚོགས་ཆེན་གྱི་འཐུས་མི། གྲོས་མི་བཅས་དང་དེ་མིན་ས་གནས་ཁྲིམས་འཛུགས་སྒྲིག་གཞིའི་བར་གྱི་མཛའ་བརྩེའི་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ་དང་། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས། ཕྱོགས་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཏེ། སྔར་ལས་དྲང་གཞག་དང་དྲང་བདེན། མཐོང་ཆུང་མེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་པར་རོགས་རམ་བྱེད་འདོད་ཡོད། ཕུའུ་ཐའོ་ཡ་ཡི་གྲོས་མིས་ཡོ་རོབ་གླིང་གྲོས་ཚོགས་ཁྲོད་དུ་མུ་མཐུད་དུ་ཀྲུང་གོ་དང་ཡོ་རོབ་ཀྱི་མཛའ་མཐུན་མཉམ་ལས་ལ་རྒྱབ་སྐྱོར་བྱེད་རྒྱུའི་རེ་བ་བཅངས་ཡོད། ཨའོ་མིན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ25འཁོར་བའི་རིང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོའི་ཀྲུང་དབྱང་སྲིད་གཞུང་གིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཨའོ་མིན་པས་ཨའོ་མིན་སྐྱོང་བ།” ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་མུ་མཐུད་ཁྱོན་ཡོངས་དང་། གནད་ལ་འཁེལ་བ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། ཨའོ་མིན་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་སྔར་ལས་མཉམ་འདྲེས་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕུའུ་ཐའོ་ཡ་ཕྱོགས་དང་མཉམ་དུ་ཨའོ་མིན་སྟེགས་བུར་བྱེད་པའི་ཁྱབ་ཁོངས་མང་པོའི་མཉམ་ལས་སྔར་ལས་ཇེ་བརྟན་དུ་བཏང་ནས། མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་བསྐྲུན་འདོད་ཡོད།

ཨ་ཅི་ཡ་ཨར་པུའུ་ལན་ཁི་ཡིས་བསྟན་དོན། ཕུའུ་ཐའོ་ཡ་དང་ཀྲུང་གོས་ཕན་ཚུན་བརྩི་འཇོག་དང་སྒོ་འབྱེད་གཉིས་ཕན་རྒྱུན་འཁྱོངས་བྱས་ནས། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་བླངས་ཡོད། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་མདུན་དུ། ཕུའུ་ཐའོ་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་དང་ཕྱོགས་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོབ་བྱ་རྒྱུའི་རེ་བ་ཡོད། ཕུའུ་ཐའོ་ཡ་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་དང་མཉམ་དུ། ཕུའུ་ཐའོ་ཡ་དང་ཀྲུང་གོའི་རིམ་པ་སོ་སོའི་འགྲོ་འོང་གཏིང་ཟབ་ཏུ་གཏོང་རྒྱུར་རྒྱབ་སྐྱོར་དང་སྐུལ་འདེད་བཏང་ནས། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་མཛའ་བརྩེ་གཏིང་ཟབ་ཏུ་གཏོང་ཆེད་ཁྲིམས་འཛུགས་སྒྲིག་གཞིའི་བྱས་རྗེས་འཇོག་འདོད་ཡོད།  །
རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།

རྩོམ་སྒྲིག་པ། སངས་རྒྱས་སྐྱབས

རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ་ཚེ་བརྟན།
ལྟ་སྐུལ་པ། རིག་འཛིན་ཚེ་རིང་།
སྤྱིའི་ལྟ་སྐུལ་པ། ཐུ་བོ་ཆེ།

中国藏族网通
中国藏族网通官网:www.tibet3.com 及时发布藏区最新资讯,挖掘民间传统文化,分享精美视听盛宴。
 最新文章