ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐ་མོ་ལ་ཐུག་འཕྲད་གནང་བ།
ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་ནི་གཡོ་འགུལ་དང་འཕོ་འགྱུར་གྱི་དུས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་དང་འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་གཙོ་བོ་ཡིན་པའི་ཀྲུང་དབྱིན་རྒྱལ་ཁབ་གཉིས་ཀྱིས་རང་རང་སོ་སོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ལྕི་མོ་ཕྲག་ཏུ་འཁུར་ཡོད་ལ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པའི་འགན་འཁྲིའང་འཁུར་ཡོད། ཕྱོགས་གཉིས་ཀྱིས་འཐབ་ཇུས་རོགས་ཟླའི་ངེས་གནས་ལ་དམ་འཛིན་བྱས་ཏེ། ཕན་ཚུན་བརྩི་འཇོག་དང་སྒོ་དབྱེ་མཉམ་ལས། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་མཐའ་འཁྱོངས་ཀྱིས་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཡོང་བར་བྱས་ནས། ཀྲུང་དབྱིན་འབྲེལ་བ་སྐྱོན་བྲལ་དང་བརྟན་རླིང་ངང་འཕེལ་རྒྱས་འགྲོ་བའི་ལེའུ་རྗེས་མ་ཐུན་མོང་ཐོག་རྩོམ་དགོས།
ས་གནས་དེའི་དུས་ཚོད་ཟླ11པའི་ཚེས18ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་ཡུའེ་རེ་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མགོ་ཁྲིད་པའི་རྩེ་ཚོགས་ལ་ཞུགས་སྐབས། དབྱིན་ཇིའི་དབུ་བཞུགས་བློན་ཆེན་སི་ཐ་མོ་ལ་ཐུག་འཕྲད་གནང་བ།
སི་ཐ་མོས་བསྟན་དོན། དབྱིན་ཀྲུང་དབར་རྒྱ་ཁྱབ་ཀྱི་ཐུན་མོང་ཁེ་ཕན་ལྡན་ཡོད་པས། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ཐག་གཅོད་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་སྲུང་སྐྱོང་བྱེད་པའི་ཐད་འགན་འཁྲི་གལ་ཆེན་འཁུར་ཡོད། དབྱིན་ཀྲུང་གི་རྒྱུན་སྲིང་ནུས་ལྡན་གྱི་འབྲེལ་བ་དེ་རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་གི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེན་པོ་ཞིག་རེད། དབྱིན་ཇི་ཕྱོགས་ཀྱིས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་ཟོལ་མེད་ཀྱི་སྙིང་སྟོབས་ཐོག་ནས། ཀྲུང་གོ་ཕྱོགས་དང་སྐད་ཆ་ཤོད་རེས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཕན་ཚུན་ཤེས་རྟོགས་ཇེ་ཟབ་ཏུ་བཏང་སྟེ། དཔལ་འབྱོར་ཚོང་དོན་དང་ཚན་རྩལ། ནོར་སྲིད་དངུལ་རྩ། འཕྲོད་བསྟེན་སྨན་བཅོས། སློབ་གསོ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཁྱབ་ཁོངས་ཆེན་པོའི་ནང་སྤེལ་རེས་མཉམ་ལས་བྱ་རྒྱུའི་རེ་བ་ཡོད། དབྱིན་ཇི་དང་ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱེད་པ་དང་། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་མང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། ས་ཁུལ་གྱི་གླེང་མང་བའི་གནད་དོན་དེ་ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།