ཞི་ཅིན་ཕིང་དང་པ་ཞིའི་ཙུང་ཐུང་ལུའུ་ལཱ་ཡིས་མཉམ་དུ་གསར་འགོད་པར་ཐུག་འཕྲད་གནང་བ།
ས་དེའི་དུས་ཚོད་ཟླ11པའི་ཚེས20ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་པ་ཞིའི་ཙུང་ཐུང་ལུའུ་ལཱ་ཡིས་པ་ཞི་ལི་ཡའི་ཙུང་ཐུང་བཞུགས་ཤག་གི་ལི་མིན་ཕོ་བྲང་དུ་གྲོས་མོལ་གནང་རྗེས་མཉམ་དུ་གསར་མགོད་པ་དང་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། འདི་ནི་ང་རང་ལོ5མགོར་རྗེས“བརྩེ་བ་དང་རེ་བས་ཁེངས་པའི་གནས་འདིར”སླར་ཡང་ཐོན་པ་ཡིན། གནས་འདིར་ཡོང་སྐབས་ང་ལ་པ་ཞི་ཡི་ལས་རིགས་སོ་སོའི་མཛའ་མཐུན་མི་སྣའི་ཡི་གེ་མང་པོ་ཞིག་འབྱོར། ཡི་གེའི་ནང་པ་ཞི་མི་དམངས་ཀྱིས་ཀྲུང་གོ་དང་པ་ཞིའི་མཛའ་བརྩེ་ལ་མཐོང་ཆེན་བྱེད་པ་དང་རྒྱལ་ཁབ་གཉིས་ཀྱི་མཛའ་བརྩེ་གཏིང་ཟབ་ཏུ་འགྲོ་རྒྱུར་རེ་སྒུག་བྱེད་པ་བཀོད་ཡོད་པས། ང་རང་སེམས་འགུལ་ཟབ་མོ་ཐེབས་བྱུང་། གོང་དུ་ངས་ཙུང་ཐུང་ལུའུ་ལཱ་དང་བྱམས་བརྩེའི་མཛའ་མཐུན་དང་གྲུབ་འབྲས་ཀྱིས་ཕྱུག་པའི་གྲོས་མོལ་བྱས་པ་ཡིན། ང་ཚོས་མཉམ་དུ་ཀྲུང་གོ་དང་པ་ཞིའི་འབྲེལ་བའི་ལོ50ཡི་འཕེལ་རྒྱས་བརྒྱུད་རིམ་ལ་ཕྱིར་མིག་བལྟས་པ་དང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་ནས་འཛམ་གླིང་རང་བཞིན་དང་འཐབ་ཇུས་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་ཤུགས་རྐྱེན་ཉིན་རེ་བཞིན་མངོན་གསལ་དུ་ཕྱིན་ཏེ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོས་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པ་དང་མཐུན་སྒྲིལ་མཉམ་ལས་བྱེད་པའི་མིག་དཔེ་ཞིག་ཏུ་གྱུར་པའི་ངོས་འཛིན་གཅིག་མཐུན་བྱུང་།
ང་ཚོར་ཀྲུང་གོ་དང་པ་ཞིའི་འབྲེལ་བའི་མ་འོངས་འཕེལ་རྒྱས་ཐད་འཐབ་ཇུས་ཀྱི་ངོས་འཛིན་གསར་པ་བྱུང་བ་དང་། དེའི་ཁྲོད་ཆེས་གལ་ཆེ་བ་ནི། ང་ཚོས་མཉམ་དུ་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་སྔར་ལས་དྲང་གཞག་གི་འཛམ་གླིང་དང་སྔར་ལས་རྒྱུན་མཐུད་ཐུབ་པའི་སྐར་མའི་གོ་ལའི་ཀྲུང་གོ་དང་པ་ཞི་ཡི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པ་དང་ཆབས་ཅིག “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་པའི་གྲོས་མགོ་དང་པ་ཞི་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱ་རྒྱུའི་ཐག་བཅད་པ་དེ་ཡིན། འཛམ་གླིང་གི་ཆགས་སྟངས་འགྱུར་ལྡོག་ཇེ་མགྱོགས་སུ་འགྲོ་བའི་རྒྱབ་ལྗོངས་འོག དེས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་ངོས་འཛིན་དང་། བབ་བསྟུན། འགྱུར་ལྡོག་ལ་རེ་བ་བཅས་ཀྱི་ཆོད་སེམས་མཚོན་པས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔ་འཛིན་ཕྱི་གཏོད་ཀྱིས་རྗེས་མའི་རྫོགས་ལྡན་གྱི་ལོ50ཡི་མགོ་རྩོམ་རྒྱུར་སྐུལ་མ་ཐེབས་ངེས་པ་དང་ཆབས་ཅིག འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་དང་རང་བརྩོན་བྱེད་པའི་མིག་དཔེ་ཞིག་བཙུགས་ཏེ། བཅོས་སྐྱོང་ཁྲོད་ཀྱི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཚོན་བྱེད་རང་བཞིན་དང་གཏམ་བཤད་དབང་ཆ་ཆེ་རུ་གཏོང་ཆེད་བྱས་རྗེས་གསར་པ་འཇོག་དགོས།
ང་ཚོས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་མཐུད་སྒོས་གཏིང་ཟབ་ཏུ་བཏང་སྟེ། བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་སོགས་དང་འབྲེལ་བ་ཡོད་པའི་ལྟེ་བའི་གནད་དོན་ཐད། ཕན་ཚུན་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱས་ཏེ་རང་ངོས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་གཅིག་མཐུན་གྱི་ངོས་འཛིན་བྱེད་ཀྱིན་ཡོད། སའི་གོ་ལའི་ཕྱེད་ཤར་མ་དང་ཕྱེད་ནུབ་མའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གཉིས་ཡིན་པའི་ངོས་ནས། ང་ཚོས་ད་དུང་འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱ་རྒྱུར་སྣེ་ཁྲིད་བྱེད་པ་དང་། རྒྱལ་སྤྱིའི་སྒྲིག་ལམ་སྔར་ལས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་ལས་འགན་ལྕི་མོ་རང་འགུལ་སྒོས་ཕྲག་ཏུ་འཁུར་དགོས།
ང་ཚོས་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ཀྱི་བྱ་བ་ཡག་པོར་སྒྲུབ་དགོས་པར་གཅིག་མཐུན་གྱི་ངོས་འཛིན་བྱེད་ཀྱིན་ཡོད། དཔལ་འབྱོར་ཚོང་དོན་དང་དངུལ་རྩ། ཚན་རྩལ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ཁོར་ཡུག་སྲུང་སྐྱོབ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ནུས་ཁུངས་ཚུལ་སྒྱུར་དང་གཞི་གྲངས་དཔལ་འབྱོར། མི་ཐབས་རིག་ནུས། ལྗང་མདོག་གཏེར་ཐོན་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། གོ་སྐབས་འཆོར་མེད་དུ་བཟུང་ནས་རྒྱལ་ཁབ་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་དང་ཏན་ཏིག་ཡོང་བར་བྱས་ཏེ། ཀྲུང་གོ་དང་པ་ཞི་རྒྱལ་ཁབ་གཉིས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རོགས་བྱ་རྒྱུ་ཡིན།
ང་ཚོས་ཀྲུང་གོ་དང་པ་ཞི་རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས། གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་ལམ་སྲོལ་ནང་མུ་མཐུད་དུ་མཉམ་ལས་དམ་ཟབ་བྱས་ནས། བཀྲེས་ལྟོགས་དང་དབུལ་ཕོངས། ས་ཁུལ་གྱི་འཁྲུག་རྩོད། གནམ་གཤིས་འགྱུར་ལྡོག དྲ་རྒྱའི་བདེ་འཇགས་སོགས་སྲོལ་རྒྱུན་དང་སྲོལ་རྒྱུན་མིན་པའི་ཁྱབ་ཁོངས་ཀྱི་བདེ་འཇགས་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་ཏེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཀྱི་བྱ་གཞག་གི་ཆེད་དུ། ཀྲུང་གོ་དང་པ་ཞི་ཡི་བྱས་རྗེས་གསར་པ་འཇོག་དགོས་པར་གཅིག་མཐུན་གྱི་ངོས་འཛིན་བྱུང་བྱེད་བཞིན་ཡོད། སང་ལོ་ནི་ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་གླེང་སྟེགས་དངོས་སུ་གཉེར་ནས་ལོ10འཁོར་བའི་ལོ་ཡིན་པས། ཀྲུང་གོས་པ་ཞི་དང་ལཱ་ཏིང་མེ་གླིང་གི་རྒྱལ་ཁབ་གཞན་དག་དང་མཉམ་དུ། ཀྲུང་གོ་དང་ལཱ་ཏིང་མེ་གླིང་གི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་འཛམ་གླིང་ཞི་བདེ་མིན་ལ། ས་ཁུལ་མི་ཉུང་བ་ཞིག་ཏུ་ད་དུང་དམག་འཁྲུག་གི་མེ་ལྕེ་འུར་འུར་དུ་མཆེད་ཀྱིན་པ་དང་ཟིང་ཆ་ཆེ། མིའི་རིགས་ནི་ཁ་འབྲལ་ཐབས་མེད་པའི་བདེ་འཇགས་ཀྱི་ཐུན་མོང་ཚོགས་པ་ཞིག་ཡིན་པས། ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བ་ལག་བསྟར་བྱས་ན་གཞི་ནས་ཡོངས་ཁྱབ་བདེ་འཇགས་ཀྱི་ལམ་དུ་བསྐྱོད་ཐུབ། ཀྲུང་གོ་དང་པ་ཞིས་ཆབ་སྲིད་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱ་རྒྱུའི་སྐོར་གྱི“ཐུན་མོང་གི་ངོས་འཛིན་ཁག་དྲུག”མཉམ་འབྲེལ་སྒོས་སྤེལ་བ་དང་། འབྲེལ་ཡོད་ལྷོ་ཕྱོགས་རྒྱལ་ཁབ་དང་མཉམ་དུ་ཝུའུ་ཁི་ལན་ཉམས་ཉེན་གྱི“ཞི་བདེའི་གྲོགས་པོའི”ཚན་ཆུང་འཛུགས་རྒྱུའི་གྲོས་མགོ་བཏོན། ང་ཚོས་ཞི་བདེར་གཞོལ་བའི་བྱ་བ་སྔར་ལས་མང་པོ་གཅིག་ཏུ་བསྡུས་ནས། ཆབ་སྲིད་ལ་བརྟེན་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱ་ཆེད་ལམ་བརྟན་པོ་ཞིག་འདིང་དགོས། ཅ་ཧྲའི་དམག་འཁྲུག་རྒྱུན་མཐུད་ངང་མཆེད་པར་ང་ཚོས་སེམས་ཁྲལ་ཆེན་པོ་བྱེད་པ་དང་མགྱོགས་མྱུར་སྒོས་དམག་འཁྲུག་མཚམས་འཇོག་པ་དང་། “རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”དོན་འཁྱོལ་བྱས་ཏེ་ཕ་ལེ་སི་ཐན་གྱི་གནད་དོན་ཁྱོན་ཡོངས་དང་། དྲང་གཞག རྒྱུན་མཐུད་བཅས་ཀྱི་སྒོ་ནས་ཐག་གཅོད་བྱ་ཆེད་འབད་བརྩོན་ལྷོད་མེད་བྱེད་པའི་རེ་འབོད་བཏོན་པ་ཡིན། ཀྲུང་གོ་དང་པ་ཞི་རྒྱལ་ཁབ་གཉིས་ལ་དྲང་བདེན་དར་སྤེལ་དང་བདེན་ལུགས་འཛུགས་པའི་སྲོལ་རྒྱུན་དང་འགན་འཁྲི་འཁུར་སེམས་ཡོད། ཀྲུང་གོས་པ་ཞི་དང་མཉམ་དུ་ཀྲུང་གོ་དང་པ་ཞིའི་ལས་དབང་གཅིག་མཐུན་ཚོགས་པའི་དུས་རབས་ཀྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཕྱོགས་མང་རིང་ལུགས་ངོ་མར་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱས་ཏེ་འཕེལ་རྒྱས་ལས་དབུལ་ཕོངས་མི་དགོས་པ་དང་། མཉམ་ལས་ལས་འགྲན་རྒོལ་མི་དགོས་པ། དྲང་བདེན་ལས་བཙན་དབང་མི་དགོས་པ་བཅས་ཀྱི་དུས་རབས་གསར་པའི་འབོད་སྒྲ་དྲག་པོ་མཉམ་དུ་བསྒྲགས་ནས། སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་བསྐྲུན་འདོད་ཡོད།
ལུའུ་ལཱ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཁོང་གིས་བསྟན་དོན། པ་ཞི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་བར་ཐག་རིང་བ་དང་། རིན་ཐང་འདུ་ཤེས་འདྲ་ལ། ཐུན་མོང་གི་ཁེ་ཕན་རྒྱ་ཆེ་ཞིང་མཛའ་བརྩེ་ཟབ་མོ་ཡོད། པ་ཞི་དང་ཀྲུང་གོའི་མཉམ་ལས་ལ་འཐབ་ཇུས་ཀྱི་དོན་སྙིང་དང་འཛམ་གླིང་གི་ཤུགས་རྐྱེན་ལྡན། ཀྲུང་གོ་ནི་པ་ཞིའི་ཚོང་དོན་དང་དངུལ་གཏོང་གི་གྲོགས་པོ་གལ་ཆེན་ཞིག་ཡིན་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་པ་ཞི་ཡི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ལག་གདང་སྦྲེལ་ནས་སྔར་ལས་དྲང་བདེན་གྱི་འཛམ་གླིང་དང་སྔར་ལས་རྒྱུན་མཐུད་ཐུབ་པའི་སྐར་མའི་གོ་ལའི་པ་ཞི་དང་ཀྲུང་གོའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་ཐག་བཅད་པ་མ་ཟད། པ་ཞི་ཡི་འཕེལ་རྒྱས་འཐབ་ཇུས་དེ་ཀྲུང་གོ་ཕྱོགས་ཀྱི“རྒྱུད་གཅིག་ལམ་གཅིག”གི་གྲོས་མགོ་དང་སྦྲེལ་མཐུད་བྱས་ནས། གཙོ་གནད་སྒོས་རྒྱུན་མཐུད་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད། དངུལ་རྩ། ནུས་ཁུངས་ཚུལ་སྒྱུར། མཁའ་སྐྱོད་སོགས་ཁྱབ་ཁོངས་སུ་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ་དང་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མཐོ་ཚད་གསར་པ་ཞིག་ཏུ་སླེབས་སུ་འཇུག་རྒྱུའི་གཏན་འཁེལ་བྱས་པ་ཡིན། པ་ཞི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་རྒྱལ་སྤྱིའི་འཕེལ་རྒྱས་དང་བདེ་འཇགས་སོགས་ཀྱི་གནད་དོན་གལ་ཆེན་ཐད་ལངས་ཕྱོགས་ཧ་ཅང་གཅིག་གྱུར་ཡིན། ཀྲུང་གོ་ཕྱོགས་ཀྱིས་པ་ཞི་ཡིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བ་དང“བཀྲེས་ལྟོགས་དང་དབུལ་ཕོངས་མགོག་པའི་འཛམ་གླིང་མནའ་འབྲེལ”ནང་སྔོན་ལ་ཞུགས་པར་རྒྱལ་ཁབ་སྐྱོར་ཆེན་པོ་བྱས་པར་ཐུགས་རྗེ་ཆེ། ང་ཚོས་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས། གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་ལམ་སྲོལ་ནང་གི་འབྲེལ་གཏུག་མཐུན་སྦྱོར་སྔར་ལས་གཏིང་ཟབ་ཏུ་བཏང་ནས། འཛམ་གླིང་བཅོས་སྐྱོང་མ་ལག་གི་བཅོས་སྒྱུར་མཉམ་དུ་དར་སྤེལ་བཏང་སྟེ། སྔར་ལས་དྲང་གཞག་དང་། དམངས་གཙོ། འདྲ་མཉམ། རྒྱུན་མཐུད་བཅས་ཀྱི་རྒྱལ་སྤྱིའི་མ་ལག་བཙུགས་ནས་ཞི་བདེའི་ངང་གནད་དོན་གལ་ཆེན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་འདིར་འཚམས་འདྲི་གནང་བ་དེས་པ་ཞི་དང་ཀྲུང་གོའི་འབྲེལ་བའི་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་གི་མགོ་བརྩམས་པ་རེད།
ཚའེ་ཆི་དང་ཝང་དབྱི་སོགས་ཐུག་འཕྲད་ལ་ཞུགས། །