ལི་ཆང་གིས་སྐབས་གཉིས་པའི་ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་ཕྲེང་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་ཁྲོད་ཞུགས་པའི་ཁེ་ལས་ཀྱི་འཐུས་མི་དང་བཞུགས་མོལ་གནང་བ།
ཟླ11པའི་ཚེས25ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་པེ་ཅིན་དུ་སྐབས་གཉིས་པའི་ཀྲུང་གོའི་རྒྱལ་སྤྱིའི་མཁོ་སྤྲོད་ཕྲེང་འབྲེལ་སྐུལ་སྤེལ་དངོས་མང་སྟོན་ཚོགས་ལ་ཞུགས་པའི་ཁེ་ལས་ཀྱི་འཐུས་མི་དང་བཞུགས་མོལ་གནང་བ་རེད། ཀྲུའུ་ཡིའུ་གློག་ལས་དང་ཀུ་ཤུ་ཀུང་སི། ཀྲེང་ཏ་སྡེ་ཚོགས། ལི་ཐའོ་ཚོགས་པ། ཁང་ཉིང་ཀུང་སི། ཀྲུང་གོ་བཟོ་ཚོང་དངུལ་ཁང་། ཉིང་ཏེ་དུས་རབས། ལན་ཞང་སྡེ་ཚོགས། TCLཚན་རྩལ་སྡེ་ཚོགས། པའེ་ཧྲེང་ཀྲུང་གོ ཨ་ཀྲུང་ཚོང་དོན་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སོགས་ཁེ་ལས་དང་ལས་ཁུངས་ཀྱི་འགན་འཁུར་བ་ཞུགས་ཡོད།
ཁེ་ལས་ཀྱི་འཐུས་མིས་ཀྲུང་གོའི་ཁྲོམ་ར་ནི་གོ་ལ་ཧྲིལ་པོའི་ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་གྲུབ་ཆ་གལ་ཆེན་ཡིན་པས། གོ་ལ་ཧྲིལ་པོའི་ཕན་ཚུན་སྦྲེལ་མཐུད་དང་གསར་གཏོད་འཕེལ་རྒྱས་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད། ཀྲུང་གོས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་གཞོལ་བ་དང་། དཔལ་འབྱོར་སྲིད་ཇུས་ནུས་ལྡན་བཏོན་པ། དཔལ་འབྱོར་བརྟན་པོ་དང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་ཚུལ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ། གསར་གཏོད་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་བ། ཚོང་གཉེར་ཁོར་ཡུག་སྔར་ལས་ལེགས་པ་བཅས་བྱུང་ཡོད། ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་ཁེ་ལས་ཀྱིས་ཀྲུང་གོར་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བདེན་དཔང་བྱེད་པ་དང་། ཀྲུང་གོའི་དཔལ་འབྱོར་ལ་ཡིད་ཆེས་ཀྱིས་ཁེངས་པ། མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེ་བའི་ཀྲུང་གོའི་ཁྲོམ་རར་ལྟ་སྟངས་ཡག་པོ་འཛིན་པ། ཀྲུང་གོར་དངུལ་གཏོང་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། ཀྲུང་གོར་འཕེལ་རྒྱས་གཏིང་ཟབ་གཏོང་བ། གོ་ལ་ཧྲིལ་པོའི་ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་མཉམ་ལས་ལ་ཤུགས་སྣོན་བཅས་བྱས་ནས་སྒོ་འབྱེད་གཉིས་ཕན་མངོན་འགྱུར་བྱེད་འདོད་ཡོད་ཅེས་བསྟན།
ལི་ཆང་གིས་ཚང་མའི་གཏམ་བཤད་ལ་ནན་ཏན་ངང་གསན་རྗེས། འདས་ཟིན་པའི་ལོ་བཅུ་ཕྲག་ནང་དཔལ་འབྱོར་གོ་ལ་ཅན་ལ་འཕེལ་རྒྱས་གཏིང་ཟབ་བྱུང་བ་དང་ཆབས་ཅིག གོ་ལ་ཧྲིལ་པོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་ཡང་རིམ་བཞིན་སྟོབས་ཆེར་ཕྱིན་ནས། འཛམ་གླིང་གི་དཔལ་འབྱོར་མགྱོགས་མྱུར་འཕར་བར་སྐུལ་འདེད་བཏང་བས་ཕྱོགས་སོ་སོ་ཚང་མར་དེའི་ཁྲོད་ནས་ཕན་པ་ཐོབ་ཡོད། དེ་ལས་ལས་བགོས་རོགས་རེས་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྡོག་མེད་ཀྱི་གདམ་ག་ཡིན་པ་དང་། དཔལ་འབྱོར་ནུས་ཆེའི་འཁོར་རྒྱུག་བྱ་རྒྱུ་ནི་རྒྱུ་རྐྱེན་གཙོ་བོའི་འཁོར་རྒྱུག་ཤར་གཏོང་དང་ཁ་འབྲལ་ཐབས་མེད་པ། བཀག་སྡོམ་བྱེད་པར་བགྲོབ་ལམ་མེད་པ་དང་སྒོ་འབྱེད་ནི་ཡང་དག་པའི་ལམ་ཞིག་ཡིན་པ་མཚོན་ཡོད། མིག་སྔར། འཛམ་གླིང་གི་དཔལ་འབྱོར་འཕེལ་ཤུགས་ཞན་པ་དང་། སྲུང་སྐྱོང་རིང་ལུགས་དང་ཡོངས་ཁྱབ་བདེ་འཇགས་ཅན་གྱི་བྱ་སྤྱོད་འགའ་ཤས་ཀྱིས་ད་དུང་གོ་ལ་ཧྲིལ་པོའི་ཐོན་སྐྱེད་མཁོ་སྤྲོད་ཕྲེང་འབྲེལ་ལ་གནོད་འཚེ་བཟོ་བ་དང་། ཁེ་ལས་ཀྱི་མ་གནས་སྔར་ལས་མཐོ་རུ་གཏོང་བ། དཔལ་འབྱོར་གྱི་ཕན་འབྲས་ཇེ་ཆུང་དུ་གཏོང་བ། མཉམ་དུ་འཕེལ་རྒྱས་འགྲོ་བར་འགོག་རྐྱེན་བཟོ་བ་བཅས་བྱེད་བཞིན་ཡོད། དུས་སྐབས་དེ་འདྲ་ཞིག་ལ་སླེབས་སྐབས་གོ་ལ་ཧྲིལ་པོའི་ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ་གྱིས་འཛམ་གླིང་དཔལ་འབྱོར་ལ་དོན་སྙིང་གལ་ཆེན་ལྡན་པ་དེ་ཙམ་གྱིས་ངོས་འཛིན་ཐུབ་པ་དང་། ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་སྔར་ལས་གཅིག་ཏུ་སྒྲིལ་ཏེ། གོ་ལ་ཧྲིལ་པོའི་ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ་བརྟན་པོའི་ངང་ཤར་གཏོང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ་དང་ཕྱོགས་སོ་སོའི་ཐུན་མོང་ཁེ་ཕན་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས་ཞེས་བསྟན།
ལི་ཆང་གིས་ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་གནད་འགག་གི་གོ་རིམ་ཞིག་ཡིན་པས། མུ་མཐུད་བྱ་སྤྱོད་དངོས་ཀྱིས་གོ་ལ་ཧྲིལ་པོའི་ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ་བརྟན་པོའི་ངང་ཤར་གཏོང་ལ་སྲུང་སྐྱོང་བྱེད་དགོས། ད་ལོའི་ཚུན་དུ་ཀྲུང་གོའི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་ཡོད། ང་ཚོས་དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཀྲུང་གོའི་དཔལ་འབྱོར་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ། སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། འཛམ་གླིང་གི་དཔལ་འབྱོར་སླར་གསོ་བྱུང་བར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་བྱས་རྗེས་སུ་འཇོག་དགོས། ང་ཚོས་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྲུན་ཚད་ཇེ་མགྱོགས་སུ་བཏང་ནས། སྔར་ལས་སྟོབས་དང་ལྡན་པའི་ལེ་ལག་ཚང་བའི་ནུས་པ་མཁོ་སྤྲོད་བྱས་ཏེ། གོ་ལ་ཧྲིལ་པོའི་ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ་ནུས་ཆེའི་འཁོར་སྐྱོད་ལ་རྒྱུན་མཐུད་ངང་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་དགོས། ང་ཚོས་ནུས་ཤུགས་ཡོད་རྒུས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད་པར་ཤུགས་སྣོན་དང་། རྒྱལ་སྤྱིའི་གསར་གཏོད་མཉམ་ལས་ཁྲོད་ཞུགས་ཏེ་གོ་ལ་ཧྲིལ་པོའི་ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ་ཚུལ་སྒྱུར་རིམ་སྤོར་ལ་རྒྱུན་མཐུད་ངང་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས། ང་ཚོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ནས། ཁྲོམ་རའི་འཇུག་འཐུས་སྔར་ལས་ཆེ་རུ་གཏོང་རྒྱུ་དང་ཕྱི་རྒྱལ་གྱི་ཁེ་ལས་སྔར་ལས་མང་བ་ཀྲུང་གོར་ཡོང་ནས་ཐོན་ལས་མཉམ་ལས་བྱས་ཏེ། གོ་ལ་ཧྲིལ་པོའི་ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ་མཉམ་ལས་རྒྱ་ཆེར་གཏོང་བར་གནམ་ས་རྒྱ་ཆེན་པོ་ཞིག་མུ་མཐུད་མཁོ་འདོན་བྱེད་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན།
ལི་ཆང་གིས་རྒྱ་ཆེའི་ཁེ་ལས་ཀྱིས་གོ་ལ་ཧྲིལ་པོའི་ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ་བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོང་པ་དང་ཧུར་བརྩོན་གྱི་འཛུགས་སྐྲུན་པ་བྱེད་པ་དང་། དུས་རབས་ཀྱི་རླབས་རྒྱུན་སྟངས་འཛིན་དང་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་མུ་མཐུད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ། རྒྱལ་སྤྱིའི་ལས་བགོས་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་གསར་གཏོད་མཉམ་ལས་དང་ལྗང་མདོག་ཚུལ་སྒྱུར་ཐད་ནུས་ཤུགས་ཆེན་པོ་འདོན་པ། གསོན་ཤུགས་དང་མཉེན་ཤུགས། ལས་ཕྱོད་བཅས་ལྡན་པའི་གོ་ལ་ཧྲིལ་པོའི་ཐོན་སྐྱེད་དང་མཁོ་སྤྲོད་ཕྲེང་འབྲེལ་མཉམ་དུ་བསྐྲུན་པ་བཅས་བྱས་ཏེ། ཁེ་ལས་སྔར་ལས་ལེགས་པའི་ངང་འཕེལ་རྒྱས་འབྱུང་བ་དང་། རྒྱལ་ཁབ་སོ་སོ་ཐུན་མོང་དར་རྒྱས་འབྱུང་བར་སྐུལ་འདེད་གཏོང་བའི་རེ་འདུན་ཡོད་ཅེས་བསྟན།
རྩོམ་སྒྲིག་པ། སངས་རྒྱས་སྐྱབས།