ཞི་ཅིན་ཕིང་གིས་སཱ་མོ་ཡའི་ཙུང་ལི་ཧྥེ་ཡ་མཱེ་ལ་ཐུག་འཕྲད་གནང་བ།
ཟླ11ཚེས26ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཡོང་བའི་སཱ་མོ་ཡའི་ཙུང་ལི་ཧྥེ་ཡ་མཱེ་ལ་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་བསྟན་དོན། སཱ་མོ་ཡ་ནི་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ཁྲོད་དུ་ཀྲུང་གོ་གསར་པ་དང་འབྲེལ་བ་བཙུགས་པའི་རྒྱལ་ཁབ་སྐོར་དང་པོའི་གྲས་ཡིན་ལ། འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལྷག་གི་རིང་ལ། རྒྱལ་ཁབ་གཉིས་ཀྱིས་སྲོལ་རྒྱུན་གྱི་མཛའ་མཐུན་སྲུང་འཛིན་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། མཉམ་ལས་གཉིས་ཕན་ཡོང་བ་བཅས་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཆེ་ཆུང་མེད་པར་ཚང་མ་འདྲ་མཉམ་ཡིན་པ་དང་། ཚང་མར་རང་བཙན་རང་བདག་གིས་དེང་རབས་ཅན་མངོན་འགྱུར་བྱེད་པའི་དབང་ཆ་ཡོད་པའི་འདོད་བློ་བཅངས་ཡོད། ཀྲུང་གོས་སཱ་མོ་ཡ་ཕྱོགས་ཀྱིས་རང་ཉིད་ཀྱི་བདག་དབང་དང་རང་བཙན་སྲུང་སྐྱོང་དང་། རྒྱལ་ཁབ་རང་གི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་རང་བདག་གིས་འཚོལ་ཞིབ་བྱེད་པར་མཐའ་གཅིག་ཏུ་རྒྱབ་སྐྱོབ་བྱེད་རྒྱུ་ཡིན་ལ། སཱ་མོ་ཡ་ཕྱོགས་དང་ཕན་ཚུན་བརྩི་འཇོག་དང་ཡིད་ཆེས་རྒྱུན་འཁྱོངས་དང་། རྒྱལ་སྲིད་སྐྱོང་ལུགས་དང་འཕེལ་རྒྱས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་སྒྲོམ་གཞིའི་ནང་སཱ་མོ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མུ་མཐུད་དུ་རོགས་རམ་དང་། དཔལ་འབྱོར་ཉོ་ཚོང་དང་། དངུལ་གཏོང་། ཞིང་ལས་དང་ཉ་ལས་སོགས་ཁྱབ་ཁོངས་ཀྱི་སྦས་ཤུགས་སྔོག་འདོན། གཉིས་ཕན་མཉམ་ལས་རྒྱ་སྐྱེད་བཅས་བྱས་ནས། མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀྱིས་དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་པར་ཡར་སྐུལ་དང་། སློབ་གསོ་དང་། རིག་གནས། ན་གཞོན་སོགས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས། ཀྲུང་གོ་དང་སཱ་མོ་ཡའི་བར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ལ“བརྩི་འཇོག་གང་ལེགས་བྱེད་པ་བཞིའི”རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ལ་རོགས་རམ་བྱེད་པར་ཆབ་སྲིད་ཀྱི་ཆ་རྐྱེན་ཟུར་སྣོན་མི་བྱེད་པ་དང་། གཞན་ལ་བཙན་འགེལ་མི་བྱེད་པ། ལག་ལེན་དུ་མི་བསྟར་བའི་ཁས་ལེན་བྱེད་མི་སྲིད། ཀྲུང་གོས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ལ་འཛིན་པའི་སྲིད་ཇུས་སྒོ་འབྱེད་ཁོང་ཡངས་དང་། སྒེར་སེམས་མེད་པ། ཕྱོགས་གསུམ་པར་མི་དམིགས་པ། ས་ཁམས་འཕྲོག་རེས་དང་སྟོབས་ཤུགས་ཀྱི་ཁྱབ་ཁོངས་མི་གཉེར་བ་བྱེད་རྒྱུ་ཡིན། ཀྲུང་གོས་ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ལ་རོགས་རམ་བྱས་ཏེ་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་གཏོང་རྒྱུ་དེ་སྔོན་ལ་མཉམ་ལས་བྱེད་པའི་ཁྱབ་ཁོངས་སུ་བརྩིས་ནས། 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས》དང་དེའི《ཕ་རི་སིའི་གྲོས་མཐུན》ཕྱོགས་ཡོངས་ནས་ལག་བསྟར་ནུས་ལྡན་བྱེད་པར་སྐུལ་འདེད་བཏང་སྟེ། ཐུན་མོང་ཡིན་ཡང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་སྲུང་སྐྱོང་དང་། དྲང་བདེན་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་འདོད་ཡོད།
ཧྥེ་ཡ་མཱེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཁྱད་དུ་འཕགས་པའི་མགོ་ཁྲིད་འོག་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ལ་མིག་དཔེ་བསྟན་ཡོད། སཱ་མོ་ཡ་ཕྱོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་དབུལ་པོ་ཉུང་གཏོང་དང་ལྗང་མདོག་འཕེལ་རྒྱས་སོགས་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོར་སཱ་མོ་ཡར་རོགས་རམ་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུས། སཱ་མོ་ཡ་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཞི་བདེ་རྒྱ་མཚོ་ཆེན་མོའི་གླིང་ཕྲན་རྒྱལ་ཁབ་ལ་རོགས་རམ་བྱེད་པའི་ཐད་ཆབ་སྲིད་ཀྱི་ཆ་རྐྱེན་གང་ཡང་ཟུར་སྣོན་མི་བྱེད་པར་སྔ་ཕྱི་བར་གསུམ་དུ་ཁ་དན་ཚིག་གནས་དང་ཅི་གསུང་དེ་སྒྲུབ་བྱས་པར་བསྔགས་བརྗོད་ཆེན་པོ་བྱེད་བཞིན་ཡོད། སཱ་མོ་ཡ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་བརྩི་སྲུང་བྱས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་གཞི་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་གཞི། གོ་ལ་ཧྲིལ་པོའི་དཔལ་ཡོན་གྲོས་གཞི་བཅས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། སཱ་མོ་ཡ་ཕྱོགས་ཀྱིས་ཀྲུང་གོ་འཐབ་ཇུས་གྲོགས་པོ་གལ་ཆེན་ཞིག་ཏུ་བརྩིས་ནས་སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ50འཁོར་བར་མཉམ་དུ་རྟེན་འབྲེལ་ཞུ་བ་གོ་སྐབས་སུ་བྱས་ཏེ། རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་བཅངས་ཡོད་ཅེས་བསྟན།
ཐུག་འཕྲད་གནང་རྗེས། ཕྱོགས་གཉིས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སཱ་མོ་ཡ་རང་བཙན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ།
ཝང་དབྱི་ཐུག་འཕྲད་ལ་ཞུགས། །
རྩོམ་སྒྲིག་པ། སངས་རྒྱས་སྐྱབས།