ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་མུ་མཐུད་དུ་ཞུགས་པ།
ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པ་ཞི་ལི་ཡུའེ་རེ་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མགོ་ཁྲིད་པའི་དབུ་ཚོགས་ཐེངས་བཅུ་དགུ་པར་མུ་མཐུད་དུ་ཞུགས་པ་རེད།
དབུ་ཚོགས་ཀྱི་དུས་མཚམས་གཉིས་པའི་ཚོགས་འདུས“གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྲིག་གཞིའི”གྲོས་གཞིར་དམིགས་ནས་གྲོས་བསྡུར་བྱེད་སྐབས། ཞི་ཅིན་ཕིང་གིས《ལག་གདང་སྦྲེལ་ནས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་གཏོད་དགོས》ཞེས་པ་མགོ་བརྗོད་དུ་འཁོད་པའི་གསུང་བཤད་གལ་ཆེན་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། རྒྱལ་ཁབ་ཉི་ཤུ་ཚོགས་པའི་མགོ་ཁྲིད་པའི་དབུ་ཚོགས་འཚོགས་ནས་ལོ་ངོ16སོང་ཡོད། མགོ་འཛུགས་ས་གསར་པའི་ཐོག་རྒྱལ་ཁབ་ཉི་ཤུ་ཚོགས་པས་སྔ་འཛིན་ཕྱི་གཏོད་དང་མ་འོངས་གསར་གཏོད་བྱས་ཏེ། གོ་ལ་ཧྲིལ་པོ་བཅོས་སྐྱོང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ལོ་རྒྱུས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་མུ་མཐུད་དུ་བྱེད་དགོས། ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་བཟུང་ནས་ཕན་ཚུན་ཕ་རོལ་གྱི་འཕེལ་རྒྱས་དེ་གོ་སྐབས་སུ་བརྩི་བ་ལས་འགྲན་སློང་མིན་པ་དང་། ཕན་ཚུན་ཕ་རོལ་རོགས་ཟླར་བརྩི་བ་ལས་ཁ་གཏད་མིན་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བརྩི་སྲུང་ནན་པོ་ཞུ་བ། རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱེད་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་པ། རྒྱལ་སྤྱིའི་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་ཏུ་སྒྲིལ་བ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།
གཅིག གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། མཉམ་ལས་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས།
གཉིས། གོ་ལ་ཧྲིལ་པོའི་དངུལ་རྩ་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། བརྟན་ལྷིང་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྱོང་བྱེད་དགོས།
གསུམ། གོ་ལ་ཧྲིལ་པོའི་ཉོ་ཚོང་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། སྒོ་འབྱེད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས།
བཞི། གོ་ལ་ཧྲིལ་པོའི་གྲངས་ཀའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། གསར་གཏོད་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས།
ལྔ། གོ་ལ་ཧྲིལ་པོའི་སྐྱེ་ཁམས་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་མཛའ་མཐུན་ཅན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། གོ་ལ་ཧྲིལ་པོའི་བདེ་འཇགས་བཅོས་སྐྱོང་བྱ་རྒྱུ་དེའང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། རྒྱལ་ཁབ་ཉི་ཤུའི་ཚོགས་པས་མཉམ་འབྲེལ་རྒྱལ་ཚོགས་དང་དེའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་དང་། ཉམས་ཉེན་ཞི་བས་ཐག་གཅོད་བྱེད་པར་ཕན་པའི་འབད་བརྩོན་བྱེད་རིགས་ཐམས་ཅད་ལ་རྒྱབ་སྐྱོར་བྱེད་དགོས། ཆབ་སྲིད་ཀྱི་ཐོག་ནས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་བ་དང་། ཅ་ཧྲར་གང་མྱུར་སྒོས་དམག་མཚམས་འཇོག་རྒྱུར་སྐུལ་མ་བཏང་ནས། ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཞི་ལྷོད་དུ་གཏོང་བ་དང་དམག་འཁྲུག་རྗེས་ཀྱི་བསྐྱར་སྐྲུན་བྱ་ཆེད་རྒྱབ་སྐྱོར་བྱེད་དགོས། “རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”དོན་འཁྱོལ་དང་། ཕ་ལེ་སི་ཐན་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་དགོས།
མཇུག་ཏུ་ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོས་རྒྱལ་ཁབ་ཉི་ཤུ་ཚོགས་པ་བཙུགས་པའི་ཐོག་མའི་བསམ་འདུན་བསྐྱར་དྲན་བྱས་ཏེ། ལི་ཡུའེ་རེ་ནེ་ལུའུ་ནས་མགོ་བཙུགས་ཏེ་རོགས་ཟླའི་འབྲེལ་བ་དར་སྤེལ་གཏོང་བ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་ནས། ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།
པ་ཞིའི་ཙུང་ཐུང་ལུའུ་ལ་ཡིས་ཚོགས་འདུར་མགོ་འཛིན་གནང་།
དབུ་ཚོགས་ཐོག《རྒྱལ་ཁབ་ཉི་ཤུ་ཚོགས་པའི་མགོ་ཁྲིད་པ་ལི་ཡུའེ་རེ་ནེ་ལུའུ་དབུ་ཚོགས་ཀྱི་བསྒྲགས་གཏམ》ལ་གྲོས་འཆམ་བྱུང་བ་རེད།