ཞི་ཅིན་ཕིང་གིས་སིང་ག་ཕོར་གྱི་རྒྱལ་སྲིད་སྐྱོང་རོགས་ལི་ཞན་ལུང་ལ་ཐུག་འཕྲད་གནང་བ།
ཟླ11པའི་ཚེས26ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ། སིང་ག་ཕོར་གྱི་རྒྱལ་སྲིད་སྐྱོང་རོགས་ལི་ཞན་ལུང་ལ་ཐུག་འཕྲད་གནང་།
ཞི་ཅིན་ཕིང་གིས་ལི་ཞན་ལུང་གིས་སིང་ག་ཕོར་གྱི་ཙུང་ལིའི་འགན་འཁུར་བའི་རིང་ལ། སིང་ག་ཕོར་གྱི་སྣེ་ཁྲིད་དེ་གྲུབ་འབྲས་ཆེན་པོ་བླངས་པར་མ་ཟད། ཀྲུང་གོ་དང་སིང་ག་ཕོར་གྱི་མཉམ་ལས་ལ་ཡུན་རིང་དོ་ཁུར་དང་རྒྱབ་སྐྱོར་ཆེན་པོ་བྱས་མྱོང་བའི་ཐད་གདེང་འཇོག་ཆེན་པོ་གནང་། ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་ང་ཚོས་མཉམ་དུ་ཀྲུང་གོ་དང་སིང་ག་ཕོར་བར་དུ། ཕྱོགས་ཡོངས་དང་སྤུས་ཚད་མཐོ་བའི་རྒྱང་ལྟའི་རང་བཞིན་གྱི་རོགས་རེས་འབྲེལ་བ་དངོས་སུ་བཙུགས་པ་གཏན་འཁེལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་ཆེད་འཐབ་ཇུས་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། སང་ལོ་ནི་ཀྲུང་གོ་དང་སིང་ག་ཕོར་བར་འབྲེལ་བ་བཙུགས་ནས་ལོ35འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་ཀས་མཐོ་རིམ་འགྲོ་འོང་ཇེ་དམ་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་སྔར་ལས་ཤུགས་སྣོན་པ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཟབ་སྤེལ་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀའི་མི་དམངས་ལ་བདེ་སྐྱིད་སྔར་ལས་གང་མང་བསྐྲུན་པ་དང་ས་ཁུལ་གྱི་ཞི་བདེ་དང་དར་རྒྱས་ཀྱི་ཆེད་དུ་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་སུའུ་ཀྲོའུ་བཟོ་ལས་གླིང་ཁུལ་གསར་སྤེལ་འཛུགས་སྐྲུན་བྱས་ནས་ལོ30འཁོར་བའི་ལོ་ཡིན། ལོ་ངོ30ཡི་རིང་ལ། སུའུ་ཀྲོའུ་བཟོ་ལས་གླིང་ཁུལ་འདི་ཉིད་སྔོན་ཆད་ཀྱི“རྫིང་བུའི་ཀོང་ས”ཞིག་ནས་ད་ལྟའི“གསར་གཏོད་ཀྱི་གྲོང་ཁྱེར”ཞིག་ཏུ་གྱུར་ནས། རྒྱལ་ཁབ་གཉིས་ཀའི་མཉམ་ལས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་བསྐྲུན་ཡོད་ལ། སིང་ག་ཕོར་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ནང་ཟབ་ཞུགས་བྱས་པའི་དཔང་རྟགས་ཤིག་ཀྱང་ཡིན། ཀྲུང་གོས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གང་ལེགས་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་སྤེལ་སྔར་ལས་གང་ལེགས་གཏོང་བའི་འཐབ་ལམ་གསར་པ་བཏོད་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སེམས་ཤུགས་གཅིག་སྡུད་ཀྱིས་རང་ཉིད་ཀྱི་བྱ་བ་ཡག་པོར་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་རྒྱུན་འཁྱོངས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་ཐུབ་པར་ཡིད་ཆེས་བརྟན་པོ་ཡོད། སིང་ག་ཕོར་ཕྱོགས་ཀྱིས་མུ་མཐུད་དུ་ཀྲུང་གོ་དང་མཉམ་ལས་བྱེད་པའི་སྔོན་སྐྱོད་པ་བྱས་ནས། ཀྲུང་གོ་དང་སིང་ག་ཕོར་གྱི་མཉམ་ལས་ལམ་སྲོལ་གྱི་ཚོགས་འདུའི་སྟེགས་བུ་ཡག་པོ་སྤྱོད་རྒྱུ་དང་། མཉམ་ལས་ལས་གཞི་གལ་ཆེན་ཆུ་ཚད་མཐོ་བའི་ངང་ནས་གཉེར་བ། གཞི་གྲངས་ཅན་དང་ལྗང་མདོག་ཅན་གྱི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བཅས་བྱས་ནས། དུས་རབས་གསར་པའི་ཀྲུང་གོ་དང་སིང་ག་ཕོར་གྱི་མཉམ་ལས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
ཞི་ཅིན་ཕིང་གིས་བསྟན་དོན། དེང་གི་འཛམ་གླིང་གིས་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཞིག་དངོས་སུ་བརྒྱུད་བཞིན་ཡོད། ཉེན་ཁ་དང་འགྲན་རྩོད་ཀྱི་མདུན་དུ་རྒྱལ་ཁབ་གང་ཞིག་ཡིན་རུང་རང་གཅིག་པུའི་ཁེ་ཕན་ལ་མི་བལྟ་བར་མཐུན་སྒྲིལ་མཉམ་ལས་དང་སྒོ་འབྱེད་བསྟུན་མཁས་རྒྱུན་འཁྱོངས་བྱ་རྒྱུ་ནི་གདམ་ག་མ་ནོར་བ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སིང་ག་ཕོར་ཕྱོགས་དང་མཉམ་དུ། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པ་དང་དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་གྱི་རླབས་རྒྱུན་དང་སྒོ་ཀུན་ནས་བསྟུན་པ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོབ་བྱེད་པ། ཚོགས་སྒྲིག་རྣམ་པར་བརྟེན་ནས་ཕན་ཚུན་ཁ་གཏད་དུ་ལངས་པའི་བསམ་སྦྱོར་ཅི་རིགས་བཀག་འགོག་བཅས་བྱས་ཏེ། ཨེ་ཤ་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད།
ཟླ11པའི་ཚེས26ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ། སིང་ག་ཕོར་གྱི་རྒྱལ་སྲིད་སྐྱོང་རོགས་ལི་ཞན་ལུང་ལ་ཐུག་འཕྲད་གནང་།
ལི་ཞན་ལུང་གིས་བསྟན་དོན། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོའི་བར་མཉམ་ལས་གཏིང་ཟབ་བྱ་རྒྱུར་མུ་མཐུད་རྩེ་གཅིག་ཏུ་གཞོལ་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་འབད་པས་ཞུགས་རྒྱུ་ཡིན། མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་གནས་བབ་འོག་ཏུ། རྒྱལ་ཁབ་སོ་སོས་མིག་རྒྱང་རིང་བོ་འཛིན་པ་དང་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ། མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ། ཉེན་ཁ་དང་འགྲན་རྩོད་ལ་མཉམ་དུ་ཁ་གཏད་འཇལ་བ་བཅས་བྱས་ཏེ། མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་དགོས།
ཕྱོགས་གཉིས་ཀྱིས་ད་དུང་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་དང་ས་ཁུལ་གྱི་གནས་བབ་སོགས་ཐུན་མོང་གིས་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་ནས་དགོངས་འཆར་བརྗེ་རེས་གནང་།
རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།