སློབ་གསོ་པུའུ་ཡིས་སློབ་ཞུགས་གོང་གི་བྱིས་པ་བུ་བཅོལ་ཁང་དུ་ཞུགས་སྐབས་རྣམ་པ་གང་རུང་གི་རྒྱུགས་ལེན་ནམ་ཡང་ན་ཚད་ལེན་ཚོད་ལྟ་བྱེད་མི་ཆོག་པར་བསྟན་པ།
ཟླ11པའི་ཚེས11ཉིན། སློབ་གསོ་པུའུ་ཡི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་སྔོན་སློབ་གསོའི་བཅའ་ཁྲིམས》གསལ་འགྲེལ་བྱས་པ་མ་ཟད་སློབ་གསོའི་ཁོངས་གཏོགས་ཀྱིས་བཅའ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བྱས་པའི་གནས་ཚུལ་མཚམས་སྦྱོར་བྱས།སློབ་སྔོན་སློབ་གསོའི་བཅའ་ཁྲིམས་ལ་སྤྱིའི་རྩ་འཛིན་དང་། སློབ་ཞུགས་སྔོན་གྱི་བྱིས་པ། བུ་བཅོལ་ཁང་། དགེ་རྒན་ལས་བཟོ། གསོ་སྐྱོང་སློབ་གསོ། མ་དངུལ་འགན་སྲུང་། ལྟ་སྐུལ་དོ་དམ། ཁྲིམས་ལུགས་འགན་འཁྲི། ཞར་བྱུང་དོན་ཚན་བཅས་ལེའུ9དང་། དོན་ཚན85ཡོད།སློབ་གསོ་པུའུ་ཡི་སྲིད་ཇུས་ཁྲིམས་སྲོལ་སིའི་སི་ཀྲང་ཀྲང་ཝུན་པིན་གྱིས་བསྟན་དོན། སློབ་སྔོན་སློབ་གསོའི་བཅའ་ཁྲིམས་ནང་བྱིས་པའི་ལྟེ་གནས་འབུར་དུ་ཐོན་པར་བྱས་ཏེ། སློབ་ཞུགས་གོང་གི་བྱིས་པར་ཚེ་སྲོག་བདེ་འཇགས་དང་ལུས་སེམས་བདེ་ཐང་ཡོང་བ་དང་། བརྩི་འཇོག་དང་སྲུང་སྐྱོང་ལྟ་རྟོག་ཐུབ་པ། ཁྲིམས་ལྟར་སློབ་སྔོན་སློབ་གསོ་འདྲ་མཉམ་ངང་དང་ལེན་ཐུབ་པ་སོགས་ཀྱི་དབང་ཆ་ཡོད་པ་གཏན་འབེབས་བྱས་པ་མ་ཟད། སློབ་ཞུགས་གོང་གི་བྱིས་པའི་མི་གཤིས་དང་ལ་རྒྱར་བརྩི་འཇོག་བྱེད་པ་དང་། སློབ་ཞུགས་གོང་གི་བྱིས་པའི་བསམ་འཆར་ལ་མཉན་ནས་ཤེས་རྟོགས་བྱས་ཏེ། སློབ་ཞུགས་གོང་གི་བྱིས་པ་ཁྱིམ་ཚང་དང་སྤྱི་ཚོགས། རིག་གནས་འཚོ་བ་བཅས་ཀྱི་ནང་ཞུགས་པར་སྐུལ་ལྕག་དང་ཁྲིད་སྟོན་བྱ་རྒྱུའི་ནན་བཤད་བྱས་ཡོད། སློབ་གསོའི་ཁེ་དབང་འགན་སྲུང་བྱས་ནས། ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་བྱེད་ཐབས་སྤྱད་དེ། སློབ་ལོ་རན་པའི་བྱིས་པས་དེའི་ཕ་མའམ་ཡང་ན་ལྟ་སྐྱོང་བྱེད་མི་གཞན་དག་གི་ལས་ཀ་བྱེད་སའམ་ཡང་ན་སྡོད་གནས་ས་ཁུལ་གྱི་ཐག་ཉེ་ས་ནས་སློབ་སྔོན་སློབ་གསོ་དང་ལེན་བྱེད་བདེ་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། སློབ་གྲྭར་མ་ཞུགས་གོང་གི་བྱིས་པ་བུ་བཅོལ་ཁང་ལ་ཞུགས་སྐབས་རྣམ་པ་གང་རུང་གི་རྒྱུགས་ལེན་ནམ་ཡང་ན་ཚོད་ལྟ་ཚད་ལེན་བྱ་བ་སྒྲིག་འཛུགས་བྱས་མི་ཆོག ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་གིས་བུ་བཅོལ་ཁང་གི་འཚོ་བ་དང་འཚམ་པའི་དབང་པོ་སྐྱོན་ཅན་བྱིས་པ་བུ་བཅོལ་ཁང་དུ་བསྡུ་ལེན་བྱེད་དགོས། གསོ་སྐྱོང་སློབ་གསོའི་བྱེད་སྒོ་ཚད་ལྡན་དུ་གཏོང་བ་དང་། གསོ་སྐྱོང་དང་སློབ་གསོ་ཟུང་དུ་འབྲེལ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་གསོ་སྐྱོང་དང་སློབ་གསོའི་བྱེད་སྒོ་ལག་བསྟར་བྱས་ནས། སློབ་ཆུང་དུས་རིམ་གྱི་སློབ་ཚན་གྱི་ནང་དོན་སློབ་ཁྲིད་བྱས་མི་ཆོག ཚན་རིག་དང་ལུགས་མཐུན་གྱི་ཉིན་གཅིག་གི་འཚོ་བའི་ལམ་ལུགས་འཛུགས་པ་དང་། འཕྲོད་བསྟེན་དང་ལུས་ཁམས་བདེ་སྲུང་གི་དོ་དམ་སོགས་ཀྱི་ལས་ཀ་ལེགས་པོར་བསྒྲུབ་དགོས་པ་ནན་གྱིས་བསྟན་ཡོད། །རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།
རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ་ཚེ་བརྟན།ལྟ་སྐུལ་པ། རིག་འཛིན་ཚེ་རིང་།སྤྱིའི་ལྟ་སྐུལ་པ། ཐུ་བོ་ཆེ།