ཨེ་ཟི་རེལ་དང་ལེ་པ་ནོན་གྱི་དམག་འཁྲུག་ཛ་དྲག་ཏུ་གྱུར་བའི་གནས་ཚུལ།

健康   2024-10-01 21:47   四川  

དཀྱིལ་ཤར་ཡུལ་གྲུའི་དམག་འཁྲུག་གི་ཉེ་བའི་ལོ་རྒྱུས་དང་དམིགས་བསལ་གྱི་གལ་ཆེན་གསར་འགྱུར་རྒྱས་པ།
2024.9.30

ཧེ་ཛི་བྷོ་ལ་དྲག་དཔུང་གི་ཆེས་མཐོའི་དབུ་ཁྲིད།

  བདུན་ཕྲག་སྔོན་མའི་གཟའ་པ་སངས་ཀྱི་དགོང་མོ། ལེ་པ་ནོན་གྱི་ཧེ་ཛི་བྷོ་ལ་དྲག་དཔུང་གི་ཆེས་མཐོའི་དབུ་འཁྲིད་གཙོ་བོའམ། སྤྱི་ཁྱབ་དྲུང་ཆེ་ཧཱ་སན་ན་ཛི་ར་ལཱ་(Hassan Nasrallah)ཨེ་ཟི་རེལ་གྱི་དམག་དཔུང་གིས་མཁའ་ཐོག་ནས་གཏོར་རྒོལ་ཁྲོད་བསད། 

   ཁོ་དང་ལྷན་ཧེ་ཛི་བྷོ་ལ་དྲག་དཔུང་གི་ཆེས་མཐོའི་དམག་སྤྱི་དང་། དབུ་ཁྲིད་20ཡས་མས་བསད། འདས་པའི་ལོ་ངོ་32རིང་ཧེ་ཛི་བྷོ་ལ་དྲག་དཔུང་གི་འགོ་འཁྲིད་མཁན་གྱི་མི་འདི་བསད་པ་ནི། ཧེ་ཛི་བྷོ་ལ་དྲག་དཔུང་ལ་ཕམ་ཁ་ཆེན་པོ་ཞིག་ཏུ་གྱུར་བ་མ་ཟད། ཧེ་ཛི་བྷོ་ལ་དྲག་དཔུང་གི་རྒྱབ་བརྟེན་ས་ངོ་མ་ཨི་རན་གྱི་ངོ་ཚ་ཞིག་ཏུ་གྱུར།

ཧཱ་སན་ནཱ་ཛི་ར་ལཱ་ཟེར་བའི་མི་འདི་ཕྱི་ལོ་1960ལོར་ལེ་པ་ནོན་གྱི་རྒྱལ་ས་བྷེ་རུ་ཏི་རུ་སྐྱེས། སྐྱེ་སའི་ཁྱིམ་ཚང་ནི་ཁ་ཆེ་ཤི་ཡ་Shiaཆོས་བརྒྱུད་ཀྱི་རྗེས་འཇུག་པ་ཞིག་དང་། འཚོ་ཐབས་ནི་སྤྱིར་བཏང་བ་ཞིག་དང་ཁོ་ཚོས་ཚལ་དང་ཤིང་ཏོག་བཙོང་ནས་འཚོ་བ་སྐྱེལ་བཞིན་ཡོད། ཁྱིམ་ཚང་འདིར་ཕྲུ་གུ་9ཡོད་པ་ལས་ནཱ་ཛི་ར་ལཱ་ནི་བུ་རྒན་ཤོས་དེ་ཡིན། སྔར་ལེ་པ་ནོན་དུ་ཁ་ཆེ་ལས་ཡེ་ཤུ་མང་ཡང་། ཕྱི་ལོ་1948ལོ་དང་ཕྱི་ལོ་1967ལོར་བཅས་སུ་ལྷོ་ཕྱོགས་ནས་ཕ་ལི་སི་ཐན་གྱི་མི་མང་པོ་ལེ་པ་ནོན་དུ་སྐྱབས་བཅོལ་དུ་ཡོང་བའི་མཇུག་འབྲས་སུ། ཡེ་ཤུ་དེ་གྲངས་ཉུང་དང་ཁ་ཆེ་གྲངས་མང་དུ་འགྱུར་རྒྱུའི་ཕྱོགས་སུ་འཕེལ།  ཕྱི་ལོ་1975ལོ་ནས་རྒྱལ་ཁབ་འདིར་ཡེ་ཤུ་དང་ཁ་ཆེའི་བར་དངོས་སུ་དམག་འཁྲུག་(1975ནས་1990 བར།)བྱུང་། ལོ་དེ་རང་ལ་ནཱ་ཛི་ར་ལཱ་ཡི་ནང་མི་རྒྱལ་ས་དང་ཁ་བྲལ།

   སྐབས་དེར་ལེ་པ་ནོན་གྱི་ལྷོ་ཕྱོགས་སུ་སྡོད་པའི་ཤི་ཡ་ཁ་ཆེ་གྲུབ་མཐའི་རྗེས་འཇུག་པ་ཚོས། ལེ་པ་ནོན་དུ་རང་གི་ཐོབ་ཐང་རྩོད་ཆེད་ཨ་མེལ་ལས་འགུལ་Amal Movement ཟེར་བ་ཞིག་འགོ་བཙུག རིམ་གྱིས་ལས་འགུལ་འདི་དྲག་པོའི་རྩ་འཛུགས་ཤིག་གི་ངོ་བོར་འཕོས། ཁོ་ཚོས་ལེ་པ་ནོན་གྱི་རྒྱལ་ནང་གི་རྩ་འཛུགས་གཞན་དང་དམག་འཁྲུག་བརྒྱབས་པ་མ་ཟད། ལྷག་པར་ལྷོ་ཕྱོགས་ཀྱི་ཨེ་ཟི་རེལ་གྱི་དམག་དཔུང་དང་འཐབ། ཕྱི་ལོ་ 1985ལོར་སྐབས་དེར་ན་གཞོན་ཞིག་ཡིན་པའི་ནཱ་ཛི་ར་ལཱ་དྲག་པོའི་རྩ་འཛུགས་འདིའི་ནང་ཞུགས། དོན་ལ་ཁོ་ཚོས་རྩོད་བཞིན་པ་ནི། ལེ་པ་ནོན་དུ་གྲངས་ཉུང་ཡིན་པའི་ཁ་ཆེ་ཤི་ཡ་ཆོས་བརྒྱུད་ཀྱི་རྗེས་སུ་འབྲང་མཁན་ཚོའི་ཐོབ་ཐང་ཡིན།

ཧེ་ཛི་བྷོ་ལ་དྲག་དཔུང་། 

དེའི་སྟེང་ཕ་ལི་སི་ཐན་གྱི་མི་མང་པོ་ལེ་པ་ནོན་དུ་བྲོས་ནས་ཡོང་ཡོད་པ་ལྟར། ཁོ་ཚོས་ཨེ་ཛི་རལ་གྱི་བྱང་ཕྱོགས་རྒྱལ་མཚམས་སུ་ཚུར་རྒོལ་ཡང་ཡང་བྱེད་ཀྱིན་ཡོད། ཨེ་ཟི་རེལ་གྱིས་ཚོགས་པ་འདི་རྩ་བ་ནས་མེད་པ་བཟོ་ཆེད། ཕྱི་ལོ་1982ལོར་ལེ་པ་ནོན་གྱི་ལྷོ་ཕྱོགས་སུ་སྐམ་ཐོག་ནས་ཕར་རྒོལ་འགོ་བཙུག དམག་འཁྲུག་འདིས་ཐད་ཀར་ཤུགས་རྐྱེན་ཐེབས་ས་ནི། ལེ་པ་ནོན་གྱི་ལྷོ་ཕྱོགས་སུ་སྡོད་པའི་ཁ་ཆེ་ཤི་ཡ་གྲངས་ཉུང་དག་གྱུར་ཅིང་། ད་ལྟ་ཁོ་ཚོར་ལེ་པ་ནོན་རྒྱལ་ནང་དུ་བརྙས་བཅོས་བྱེད་མཁན་མ་ཟད། ཕྱི་ལོགས་ནས་ཨེ་ཟི་རེལ་གྱིས་བཙན་འཛུལ་བྱས་པས། དེ་དག་ལ་འཐབ་ཆེད། ཕྱི་ལོ་1982 ལོར་:དཀོན་མཆོག་གི་དམག་མིའམ་:ཧེ་ཛི་བྷོ་ལ་དྲག་དཔུང་ཞེས་པ་དངོས་སུ་བཙུག

   ཧེ་ཛི་བྷོ་ལ་དྲག་དཔུང་ཐོག་མར་བཙུག་པ་ནས། ཁོ་ཚོ་དང་ཆོས་ལུགས་གྲུབ་མཐའ་གཅིག་པའི་ཨི་རན་གྱིས། རྒྱུ་དངོས་དང་གོ་ལག་གི་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱིན་ཡོད། ཕྱི་ལོ་1979ལོར་ཨི་རན་དུ་བྱུང་བའི་ཁ་ཆེའི་གསར་བརྗེའམ། ཤི་རན་གྱི་རྒྱལ་བོས་འགོ་བཙུག་པའི་དེང་རབས་ཀྱི་བཅོས་བསྒྱུར་མང་པོ་ཞིག ཐལ་མཐའ་ཅན་གྱི་ཁ་ཆེའི་ཆོས་དཔོན་ཚོས་ཡོངས་སུ་རྩ་གཏོར་བ་དང་།
   མཇུག་བསྡུ་བའི་ལས་འགུལ་ཆེན་པོ་དེ་བྱུང་ཟིན་པ་ལྟར། ལས་འགུལ་དེས་ཧེ་ཛི་བྷོ་ལ་དྲག་དཔུང་འཛུགས་རྒྱུར་ཐད་ཀར་ཤུགས་རྐྱེན་ཐེབས་ཡོད་ལ། ཨི་རན་ནས་ཁ་ཆེའི་གསར་བརྗེའི་དམག་མིའམ། ཐལ་མཐའ་ལྷུང་བའི་ཁ་ཆེའི་ཆོས་དམག་མང་པོ་མངགས་ནས་ཧེ་ཛི་བྷོ་ལ་དྲག་དཔུང་ལ་སྦྱོང་བརྡར་སྤྲད།

   དེར་བརྟེན་ཧེ་ཛི་བྷོ་ལ་དྲག་དཔུང་ནི། ཐོག་མ་ནས་རྒྱབ་བརྟེན་ཆེན་པོ་ཡོད་ཅིང་། འཆར་གཞི་ལྡན་པའི་རྩ་འཛུགས་ཆེན་པོ་ཞིག་ཏུ་གྱུར། སྙིང་པོ་ནི་ཧེ་ཛི་བྷོ་ལ་དྲག་དཔུང་དེ་ཁ་ཆེའི་ཤི་ཡ་ཆོས་བརྒྱུད་ Shia ཀྱི་རྗེས་སུ་འབྲང་མཁན་གྱི་ཨི་རན་རྒྱལ་ཁབ་ཀྱིས། ལེ་པ་ནོན་གྱི་ལྷོ་ཕྱོགས་སུ་ཡོད་པའི་ཁ་ཆེའི་ཤི་ཡ་ཆོས་བརྒྱུད་ཀྱི་རྗེས་སུ་འབྲང་མཁན་ཚོར་རྒྱབ་སྐྱོར་བྱས་ནས་བཙུག་པ་ཞིག དེར་བརྟེན། ཚོགས་པ་འདི་ནི་ལེ་པ་ནོན་གྱི་ཁ་ཆེའི་ཤི་ཡ་ཆོས་བརྒྱུད་འཛིན་མཁན་ཚོའི་ཐོབ་ཐང་རྩོད་མཁན་ཙམ་ཞིག་མ་ཡིན་པར། དཀྱིལ་ཤར་དུ་ཨེ་རན་གྱིས་རང་གི་དབང་ཐང་དང་ཤུགས་རྐྱེན་རྒྱ་བསྐྱེད་ཆེད་བཙུག་པ་ལྟ་བུ་ཞིག་ཀྱང་ཡིན།

   སོ་ཐེ”ཨ་རབ་བྷེ་ཡ། ཨེ་ཇིབ། ཏུར་ཀེ་སོགས་ཁ་ཆེའི་སུ་ནེ་Sunniཆོས་བརྒྱུད་ཀྱི་རྗེས་སུ་འབྲང་མཁན་ཚོས། ཧེ་ཛི་བྷོ་ལ་དྲག་དཔུང་དང་ཡེ་མན་གྱི་ཧུ་ཏེ་དྲག་དཔུང་སོགས་ནི། རང་གི་དགྲ་བོ་ཆེ་ཤོས་ཨི་རན་གྱིས་གསོས་པའི་སྤྱང་ཁྱི་ལྟ་བུ་ཞིག་ཏུ་མཐོང་ཡོད་བཞིན་ཡོད། དེར་བརྟེན་ཧེ་ཛི་བྷོ་ལ་དྲག་དཔུང་ནི།

   ཕྱི་ལོགས་ནས་ཨེ་ཟི་རེལ་ལྟ་བུའི་དགྲ་དང་འཐབ་རྒྱུ་དང་། ནང་ཁུལ་ནས་ཁ་ཆེའི་ཤི་ཡ་གྲུབ་མཐའི་ཆེད་འཐབ་མཁན་གྱི་རྩ་འཛུགས་ཤིག་ཏུ་གྱུར། ཕྱི་ལོ་1982ལོར་ནཱ་ཛ་ར་ལཱ་ལོ་ན་22ཀྱི་སྟེང་ཧེ་ཛི་བྷོ་ལ་དྲག་དཔུང་ནང་ཞུགས། ལོ་ན་གཞོན་པའི་ནཱ་ཛ་ར་ལཱ་ཡི་དབུ་ཁྲིད་ཀྱི་ནུས་པ་དང་། སྤྲོ་སྣང་ཆེ་བའི་གཤིས་ཀ་དེས་ཁོའི་གོ་གནས་འཕར་དུ་བཅུག ཕྱི་ལོ་1985ལོར་ཁོ་ཚོགས་པ་འདིའི་ཆེས་མཐོའི་འཛིན་སྐྱོང་ལྷན་ཚོགས་ཀྱི་འགན་འཛིན་དུ་གྱུར།

 ཕྱི་ལོ་1992ལོར་ཨེ་ཟི་རེལ་གྱི་དམག་དཔུང་གིས་མཁའ་ཐོག་ནས་གཏོར་རྒོལ་ཁྲོད། ཧེ་ཛི་བྷོ་ལ་དྲག་དཔུང་གི་ཆེས་མཐོའི་དབུ་ཁྲིད་མུ་ས་ཝེ་ Abbas al-Musawi དང་། ཁོའི་བཟའ་ཟླ་བུ་ཕྲུག་དང་བཅས་པ་བསད། སྐབས་དེ་ནས་བཟུང་ལོ་ན་ 32 ཡིན་པའི་ནཱ་ཛི་ར་ལཱ་ཡིས་ཧེ་ཛི་བྷོ་ལ་དྲག་དཔུང་གི་འགོ་འཁྲིད་ནས་ཡོང་། ཁོས་འགོ་འཁྲིད་པའི་འོག་འཇབ་དམག་ཐེངས་མང་བརྒྱབས་པས། ཕྱི་ལོ་2000ལོར་ཨེ་ཟི་རེལ་གྱི་དམག་དཔུང་ལེ་པ་ནོན་གྱི་ལྷོ་ཕྱོགས་ནས་ཕྱིར་འཐེན་དགོས་གྱུར་ཅིང་། འདི་ནི་ལོ་ན་གཞོན་པའི་ནཱ་ཛི་ར་ལཱ་ཡི་སྙན་གྲགས་རྒྱས་བྱེད་གཙོ་བོ་ཞིག་ཏུ་གྱུར་ཅིང་། ཁོའི་གྲགས་པ་དེ་དཀྱིལ་ཤར་ཙམ་མ་ཟད་འཛམ་གླིང་གི་ཁ་ཆེ་ཡོད་ས་གང་སར་ཁྱབ།

    ཕྱི་ལོ2006ཟླ་7ཚེས12 ཉིན་ཧེ་ཛི་བྷོ་ལ་དྲག་དཔུང་གིས། གློ་བུར་ཨེ་ཟི་རེལ་གྱི་ས་མཚམས་བརྒལ་ནས་ཚུར་རྒོལ་བྱས།  ཨེ་ཟི་རེལ་གྱི་དམག་མི་8བསད་ཅིང་ 2 གསོན་པོར་བཟུང་། དོན་རྐྱེན་འདིས་སླར་ཡང་ལེ་པ་ནོན་དུ་དམག་འཁྲུག་གི་མེ་ཁ་གསོས་ཤིང་། ཨེ་ཟི་རེལ་གྱིས་མཁའ་ཐོག་དང་སྐམ་ཐོག་གཉིས་ནས་ལེ་བྷ་ནོན་གྱི་རྒྱལ་ནང་ལ་གཏོར་རྒོལ་དྲག་པོ་བྱས།

   མཁའ་མཚོ་གཉིས་ནས་ལེ་པ་ནོན་རྒྱལ་ཁབ་དེ་ཕྱི་རྒྱལ་དང་འབྲེལ་མཐུད་གཅོད་ཐབས་བྱས། ཨེ་ཟི་རེལ་གྱི་དམིགས་ཡུལ་ནི་ཧེ་ཛི་བྷོ་ལ་དྲག་དཔུང་གི་ནུས་པ་ཡོངས་སུ་རྩ་གཏོར་དང་། 

  ལེ་པ་ནོན་གཞུང་ལ་གནོན་ཤུགས་སྤྲད་པ་བརྒྱུད། དྲག་པོའི་སྒྲིག་འཛུགས་འདི་གཏོར་ཐབས་བྱ་རྒྱུ་དེ་ཡིན་ནའང་། ཧེ་ཛི་བྷོ་ལ་དྲག་དཔུང་གིས་ཨེ་ཟི་རེལ་གྱི་དམག་དཔུང་ལ་འཐབ་པ་དེས། ཚོགས་པ་འདི་ལ་ལེ་པ་ནོན་གྱི་བཙན་རྒོལ་ཚོགས་པ་ལྟ་བུ་ཞིག་གི་ངོས་འཛིན་ཐོབ།
   མཐར་རྒྱལ་ཚོགས་བཙན་གྱིས་བར་དུ་འཛུལ་ནས། དམག་འཁྲུག་འདི་མཚམས་འཇོག་ཏུ་བཅུག ཇི་ལྟར་ཡང་། དམག་འཁྲུག་འདི་དུས་ཡུན་ཉིན་ 34ལས་མ་བརྒྱབས་ཀྱང་། ཧེ་ཛི་བྷོ་ལ་དྲག་དཔུང་དང་དེའི་དབུ་ཁྲིད་ནཱ་ཛི་ར་ལཱ་ཡི་སྙན་གྲགས་རྒྱས་རྒྱུའི་དམིགས་ཡུལ་དེ་འགྲུབ། དེ་མ་ཟད་འདི་ནི་ཁོ་ལ་ཨི་རན་གྱི་རྒྱབ་སྐྱོར་ཆེན་པོ་མུ་མཐུད་ཐོབ་རྒྱུའི་རྒྱུ་མཚན་གཙོ་བོ་ཞིག་ཏུའང་གྱུར།  ཡིན་ན་ཡང་། ཁོ་ནི་གནས་སྟངས་ལ་དཔག་ནས་ལས་ཀ་བྱེད་མཁས་པ་ཞིག་ཡིན་པས། ཧེ་ཛི་བྷོ་ལ་དྲག་དཔུང་གིས། ལེ་པ་ནོན་དུ་ཁ་ཆེའི་སྤྱི་མཐུན་རྒྱལ་ཁབ་ཅིག་ཟུར་དུ་འཛུགས་རྒྱུའི་ལྟ་བ་དེ་ཕྱི་ལོ་ 2009 ལོ་ནས་དོར་ཅིང་། ཁོའི་འགོ་འཁྲིད་འོག་ཧེ་ཛི་བྷོ་ལ་དྲག་དཔུང་གིས་དྲག་པོའི་དམག་དཔུང་གི་ངོ་བོ་སྔར་བཞིན་རྒྱུན་སྐྱོང་དང་། དེའི་སྟེང་ཆབ་སྲིད་ཀྱི་ཆ་ནས་ལེ་བྷ་ནོན་གྱི་སྲིད་དོན་ཤོག་ཁག་ཅིག་གི་ངོ་བོར་བསྒྱུར།

   མི་འདི་ལ་ངག་རྩལ་གྱིས་མི་སེམས་འགུག་ནུས་དང་།  ཉེན་ཁ་དང་རྩོད་རྙོག་ལ་གཟུར་ཤེས་པའི་སྤྱང་གྲུང་ལྡན་པས་ཚོགས་པ་འདི་ནི་དྲག་པོའི་དམག་སྡེ་ཙམ་ཞིག་མ་ཡིན་པར། ལེ་པ་ནོན་དང་དཀྱིལ་ཤར་གྱི་ཆབ་སྲིད་ཁྲོད་ཤུགས་རྐྱེན་ཆེ་བའི་ཆབ་སྲིད་ཚོགས་པ་ཞིག་གི་ངོ་བོར་བསྒྱུར་བ་མ་ཟད།  ཕྱི་ལོ་2021ལོར་དམག་མིའི་གྲངས་100,000ཟིན་ཅིང་། ཕྱི་ལོ་2022བར་ལེ་པ་ནོན་གྱི་གྲོས་ཚོགས་སུ་ཁོ་ཚོས་རྐུབ་སྟེགས་15 བཟུང་། ཡིན་ན་ཡང་། ཁོ་ཚོའི་དྲག་རྒོལ་བྱེད་སྟངས་དེ་རང་སྲོག་གཅོད་པ་སོགས། སྦྱོར་ངན་མང་པོ་རིམ་པར་བརྩམས་རྐྱེན་ཨ་རི་དང་དེའི་མཐུན་ཕྱོགས་ཚོ་མ་ཟད། སུ་ནེ་ཆོས་བརྒྱུད་འཛིན་པའི་དཀྱིལ་ཤར་གྱི་རྒྱལ་ཁབ་ཕལ་ཆེ་བས། ཧེ་ཛི་བྷོ་ལ་ནི་དྲག་སྤྱོད་པའི་ཚོགས་པ་ཞིག་ཏུ་འདོད་ཅིང་བསྒྲགས།

ཨེ་ཟི་རེལ་དང་ཧཱ་མ་སིའི་དམག་འཁྲུག 


  ཕྱི་ལོ་2023ལོའི་ཕྱི་ཟླ་10ཚེས་7ཉིན། ཕ་ལི་སི་ཐན་གྱི་གྷ་ཛ་ས་ཁུལ་དུ་ཡོད་པའི་ཧཱ་མ་སི་དྲག་དཔུང་གིས། གློ་བུར་ཨེ་ཟི་རེལ་གྱི་རྒྱལ་མཚམས་བརྒལ་ནས་དྲག་རྒོལ་བྱས། མཁའ་ཐོག་ནས་འཕུར་མདའ་2,000ལས་མང་བ་འཕངས་བས། ཨེ་ཟི་རེལ་གྱི་གནམ་སྲུང་མ་ལག་གི་ནུས་པས་ཀྱང་རེ་ཞིག་མ་འདང་བའི་དཀའ་ངལ་འཕྲད། ཉིན་དེར་ཨེ་ཟི་རེལ་དང་རྒྱལ་ཁབ་གཞན་གྱི་མི་སེར་སོགས་ཁྱོན་མི་1,200བསད།
གཞན་200ལས་མང་བ་བཟུང་ནས་འཁྲིད་ཅིང་། མཐའ་ན་བསད་ཟིན་པའི་མིའི་རོ་ཚུན་ཆད་འཁྱེར་ནས་ཕྱིན། སྲིད་དོན་གྱི་ཤོད་སྟངས་ལྟར་ན། འདི་ནི་མཇར་མན་ནཱ་ཙེ་ཡིས་རྗེའུ་མི་རིགས་སྡེབ་གསོད་བྱས་པའི་འཁྲུག་ཆེན་གཉིས་རྗེས་སུ། རྗེའུ་མི་རིགས་དམར་གསོ་བྱས་པ་ཆེ་ཤོས་ཤིག་ཏུ་གྱུར།

  དེའི་ལན་དུ་ཨེ་ཟི་རེལ་གྱི་དམག་དཔུང་གིས། གྷ་ཛ་ས་ཁུལ་གྱི་ཧཱ་མ་སི་དྲག་འདུལ་བྱ་རྒྱུའི་དམག་འཁྲུག་ཆེན་པོ་འདི་བསླངས། དེ་དང་ལྷན་ལེ་པ་ནོན་གྱི་ཧེ་ཛི་བྷོ་ལ་དྲག་དཔུང་དང་། ཡེ་མན་གྱི་ཧུ་ཏེ་གྱེན་ལོག་དམག་དཔུང་གཉིས་ཀྱིས། ཧཱ་མ་སི་དྲག་དཔུང་ལ་རྒྱབ་སྐྱོར་ཆེད། ཨེ་ཟི་རེལ་ལ་འཕུར་མདའ་དང་སྒྲི་རོན་གྱིས་ཚུར་རྒོལ་འགོ་བཙུག་པ་དང་། ཨེ་ཟི་རེལ་གྱི་བྱང་ཕྱོགས་ས་ཁུལ་དུ་མི་རྣམས་འདུག་མི་ཐུབ་པ་བཟོས། ཨེ་ཟི་རེལ་གྱིས། དམག་ཤུགས་གཙོ་བོ་གྷ་ཛ་ས་ཁུལ་དུ་བཀོལ་བཞིན་ཡོད་པས། ཧེ་ཛི་བྷོ་ལ་དྲག་དཔུང་ལ། སྐབས་ཐོག་གི་ལན་ཙམ་ལས་ཕར་རྒོལ་ཆེན་པོ་ཞིག་མ་བྱས། ཡིན་ན་ཡང་། ཉེ་དུས་ནས་ཨེ་ཟི་རེལ་གྱིས། དམག་དཔུང་ཕོན་ཆེན་ལེ་པ་ནོན་གྱི་རྒྱལ་མཚམས་སུ་སྤུངས་ཟིན་པ་དང་། ལྷག་པར་བདུན་ཕྲག་སྔོན་མའི་གཟའ་ཟླ་བ་ནས། མཁའ་ཐོག་ནས་གཏོར་རྒོལ་དྲག་པོ་འགོ་བཙུས་ཟིན་ཡོད།

阳光之卫
སློབ་གསོ། གསར་འགྱུར། དཔེ་ཀློག གླུ་གཞས་སོགས་འཕྲིན་སྟེགས་འདི་ལས་གཟིགས་ཐུབ།
 最新文章