2024-2025ལོའི་མཚོ་སྔོན་ཞིང་ཆེན་གྱི་དགུན་དཔྱིད་དུས་ཀྱི་ཡུལ་སྐོར་དང་། གངས་འཁྱག་ལུས་རྩལ། ཕྱི་རོལ་རྐང་བགྲོད་བྱེད་སྒོ་འཇུ་ལག་ཏུ་སྤེལ།
ཟླ11པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི2024-2025ལོའི་མཚོ་སྔོན་ཞིང་ཆེན་གྱི་དགུན་དཔྱིད་དུས་ཀྱི་ཡུལ་སྐོར་དང་། གངས་འཁྱག་ལུས་རྩལ། ཕྱི་རོལ་རྐང་བགྲོད་བྱེད་སྒོ་འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་གི་མདོ་ལ་རི་བོ·མེ་ལྷ་གངས་དཀར་ལྗོངས་ཁུལ་དུ་སྤེལ་མགོ་ཚུགས། དེའི་དམིགས་ཡུལ་ནི་རིག་གནས་ཡུལ་སྐོར་ལུས་རྩལ་མཉམ་འདྲེས་འཕེལ་རྒྱས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། དགུན་དཔྱིད་དུས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་ར་གསར་སྤེལ་དང་ཁྱབ་གདལ། ཁྲིད་སྟོན་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་དགོས་མཁོ་གསར་པ་དང་རེ་སྒུག་གསར་པ་སྔར་ལས་ལེགས་པའི་སྒོ་ནས་བསྐངས་ཏེ་གངས་འཁྱག་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱ་ཆེད་རེད།
མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀྲུང་ཀྲི་ཅུན། ཁུལ་ཨུའི་རྒྱུན་ཨུའམ་འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་ཧོ་པིན། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ལི་ཞུ་ཀྲེན། ཁུལ་དཔོན་གཞོན་པ་མ་རུའུ་ཞང་བཅས་བྱེད་སྒོར་ཞུགས། མཚོ་སྔོན་ཞིང་ཆེན་ལ་ཐུན་མོང་མ་ཡིན་པའི་གངས་འཁྱག་གི་ཐོན་ཁུངས་ཡོད་པ་དང་། གངས་འཁྱག་ལུས་རྩལ་དང་གངས་འཁྱག་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་ཡོད་པས། དེ་ནི་རང་ཞིང་གིས་དུས་ཧྲིལ་པོ་དང་དུས་ཚིགས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་ཡུལ་སྐོར་གྱི་ནང་དོན་དང་ཕྱི་ཕྱོགས་ལ་ཁྱབ་པར་བྱེད་པའི་རྨང་གཞི་ཡིན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་རིག་གནས་སྔོག་འདོན་བྱ་རྒྱུར་དམིགས་ནས་སྤུས་ལེགས་ཡུལ་སྐོར་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། ཡུལ་སྐོར་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་བཏོན་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བཏོད་ཅིང་། གངས་འཁྱག་བྱེད་སྒོ་སྨྱན་སྦྱོར་དུ་བྱས་ཏེ“གཙོ་བོ་གཅིག་དང་གཞོགས་འདེགས་བཞིའི”དགུན་དཔྱིད་དུས་ཀྱི་རིག་གནས་ཡུལ་སྐོར་དང་ལུས་རྩལ་བྱེད་སྒོ་ཇུས་འགོད་བྱས་ནས་བཏོན་ལ། རིག་གནས་ཡུལ་སྐོར་དེ་ལུས་རྩལ་དང་ཚོང་ལས། ཞིང་ལས། ཁམས་གསོ་སོགས་དང་ལས་རྣམ་མཉམ་འདྲེས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་དགུན་དཔྱིད་དུས་ཀྱི་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་དང་ལས་རྣམ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས“གྲང་བའི་ཐོན་ཁུངས”དེ“ཚ་བའི་ཐོན་ལས”སུ་འགྱུར་བར་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོས་ས་གནས་ཀྱི་ཁྱད་ཆོས་དང་དུས་ཚིགས་ཀྱི་ཁྱད་ཆོས་ལ་དམིགས་ནས་བསམ་བློ་གཏོང་བ་དང་ནུས་ཤུགས་ཡོད་རྒུ་འདོན་པ། བྱ་ཐབས་དངོས་འདོན་པ་བཅས་བྱས་ཏེ་སྟོབས་ཤུགས་གཅིག་སྒྲིལ་གྱིས་དགུན་དཔྱིད་དུས་ཀྱི་ཡུལ་སྐོར་དང་གངས་འཁྱག་ལུས་རྩལ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན་གྱི་སྐྱེ་སྟོབས་དང་གསོན་ཤུགས་རྒྱུན་ཆད་མེད་པར་འཕེལ་བར་བྱས་ཡོད། ཀྲང་ཧྲིང་ཡོན་གྱིས་ཤིས་ཚིག་ཕུལ་ནས་བསྟན་དོན། མཚོ་བྱང་ནི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་འབྱུང་ཡུལ་ཡིན་པའི་ཆ་ནས། དེའི་མངའ་ཁོངས་སུ་མདོ་ལ་རི་བོ་དང་མཚོ་སྔོན་པོ“རྒྱལ་ཁབ་སྤྱི་གླིང་གཉིས”ཡོད་ཅིང་། རང་བྱུང་ཡུལ་ལྗོངས་ངོ་མཚར་ཆེ་ལ་བརྗིད་ཉམས་ལྡན་པ་དང་རིག་གནས་ཀྱི་ནང་དོན་ཕུན་སུམ་ཚོགས་ལ་གཏིང་ཟབ་པས“མདོ་ལ་རི་ཡིས་ཕྱུག་པ་དང་རྐང་ཚ་མཚོ་ཡིས་ཕྱུག་པའི”གནས་མཆོག་ཅེས་བརྗོད་ཀྱི་ཡོད། ལྷག་པར་དུ་གནའ་བོའི་དར་གོས་ཚོང་ལམ་གྱི་ལྷོའི་ཟུར་ལམ་གྱི་གཙོ་གནད་དུ་གནས་པའི་འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་དུ་གོ་ལ་ཧྲིལ་པོའི་མེ་ཏོག་རྣམ་པར་བཀྲ་བའི་ལེ་དབར་བརྒྱའི་ལོག་དཀར་མེ་ཏོག་གི་རྒྱ་མཚོ་དང“མི་ཚེའི་གངས་རི་དང་པོ”སྟེ་མདོ་ལ་རི་བོའི་མེ་ལྷ་གངས་དཀར་ཡོད་པས་མི་རྣམས་ཀྱིས་ཡིད་སྨོན་བྱེད་སའི་གནས་ཤིག་ཏུ་གྱུར་ཡོད་ཟེར།
ཉེ་བའི་ལོ་ཤས་རིང་། མཚོ་བྱང་ཁུལ་གྱིས་མཚོ་སྔོན་གྱིས“རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ”གཏོད་པའི་ཕན་ཡོད་ཀྱི་གོ་སྐབས་དམ་འཛིན་བྱས་ནས། མདོ་ལ་རི་བོ་དང་མཚོ་སྔོན་པོའི་སྐྱེ་ཁམས་ཀྱི་གཞི་རྩའི་རྨང་གཞིའི་ལེགས་ཆར་གཞི་ཚུགས་ཏེ་རྒྱལ་ཁབ་ཀྱི་གངས་ཤུད་རི་འཛེག་སྦྱོང་བརྡར་རྟེན་གཞི་སྟེ——གངས་དཀར་རི་བོ་སོགས་ཀྱི་ཕུན་སུམ་ཚོགས་པའི་གངས་འཁྱག་ཐོན་ཁུངས་སྔོག་འདོན་གང་ལེགས་བྱེད་པ་དང་ཆབས་ཅིག“གངས་འཁྱག”བྱ་བར་ཤུགས་བསྣན་པ་དང་། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིན་དང་ཞིང་ཆེན་ལུས་རྩལ་ཅུས་སོགས་སྡེ་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག གངས་དཀར་རི་བོ་རྒྱལ་སྤྱིའི་གངས་ཤུད་རི་འཛེག་མཁས་ཅན་གྱི་འགྲན་སྡུར་དང་ཞིང་ཆེན་གསུམ་གྱི“གངས་འཁྱག་དར་གོས་ཚོང་ལམ”གངས་དཀར་རི་བོ་གངས་ཤུད་རི་འཛེག་མཉམ་འགྲན་སོགས་འགྲན་སྡུར་བྱེད་སྒོ་ཆེ་གྲས་རྒྱུན་མཐུད་ངང་གཉེར་ལ། མང་ཚོགས་རང་བཞིན་གྱི་གངས་འཁྱག་ལུས་རྩལ་རྒྱ་ཁྱབ་ངང་སྤེལ་ནས་ལུས་རྩལ་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བས་གངས་འཁྱག་ཡུལ་སྐོར་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་དགའ་འོས་པའི་རྣམ་པ་ཐོན་ནས་མཚོ་བྱང་གི་དགུན་དུས་ཡུལ་སྐོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད། མཚོ་བྱང་གིས་ཐེངས་འདིའི་བྱེད་སྒོ་ནུས་ཤུགས་ཡོད་རྒུས་ཡག་པོར་སྤེལ་རྒྱུ་ཡིན་པར་མ་ཟད། གོ་སྐབས་འདི་དང་བསྟུན་ནས་མངའ་ཁོངས་ཀྱི་གངས་རི་དང་ནགས་ཚལ། མཚེའུ། ཆུ་ཁོལ། རྡུལ་ཕྲན་མཁར། སྨོན་ལམ་མཐོན་པོ་སོགས་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ནས་དགུན་དཔྱིད་དུས་ཀྱི་ཡུལ་སྐོར་བྱེད་སྒོ་སོ་སོ་སྒྲིག་འཛུགས་ཡག་པོ་བྱ་རྒྱུ་ཡིན་པ་རེད། ཐེངས་འདིའི་བྱེད་སྒོའི་ནང་དོན་ཕུན་སུམ་ཚོགས་ཤིང་། དེའི་ནང་ཞུགས་པའི་རང་བཞིན་དང་རོལ་རྩེད་རང་བཞིན། སྤྲོ་སྣང་རང་བཞིན་བཅས་སྔར་ལས་ཆེ་སྟེ། དཔེར་ན། སེམས་ཉིད་ནགས་ཚལ་གྱི་གདོད་མའི་སྐྱེ་ཁམས་རྐང་བགྲོད་བྱེད་སྒོ་དང་། “རྩེར་སོན་ཡུལ་སྐོར། སྤྲོ་སེམས་འཕེལ་བ”ཞེས་པའི་གངས་ཤུད་འཁྲབ་སྟོན། “མི་ཚེའི་གངས་རི་དང་པོར་འཛེག་པ”སྟེ་གངས་དཀར་རི་བོའི་རི་འཛེག་བྱེད་སྒོ། གངས་རིའི་ཞིམ་ཟས་དང་ཐོན་རྫས་ལ་མྱོང་རོལ་བྱས་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སོགས་ཀྱིས་མཚོ་སྔོན་གྱི་དགུན་དཔྱིད་དུས་ཀྱི་ཡུལ་སྐོར་ལ་རི་མོ་གསར་པ་ཞིག་བྲིས་ཡོད།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
原文来源/海北祁连山报 文图/祁连山报社全媒体记者 陈文年
责编/项吉当知
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系