བཟོ་རྩལ་གྱི་ལོ་རྒྱུས་རིང་བའི་ལྷ་རྩེའི་བོད་གྲི།

政务   2024-11-24 17:22   青海  

མི་རིགས་ལག་ཤེས་བཟོ་ལས་ནི་བོད་ལྗོངས་ཀྱི་སྲོལ་རྒྱུན་ཐོན་ལས་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་ཞིང་། དེ་ལས་མི་རིགས་ཤིག་གི་གཤིས་རྒྱུད་མཚོན་གྱི་ཡོད། བོད་ལྗོངས་སུ་མི་རིགས་ལག་ཤེས་བཟོ་རྩལ་གྱི་ལོ་རྒྱུས་རིང་ལ། སྣ་རིགས་ཕུན་སུམ་ཚོགས་པ་དང་། ཁྱད་ཆོས་མངོན་པར་གསལ་བས་མི་རྣམས་ཀྱིས་དགའ་པོ་བྱེད་ཀྱི་ཡོད། བོད་ལྗོངས་ཀྱི་མི་རིགས་ལག་ཤེས་བཟོ་རྩལ་དེ་དག་ལས་བོད་གྲིའི་བཟོ་རྩལ་ནི་ལྷག་པར་ཁྱད་དུ་འཕགས་པ་ཞིག་ཡོད།

བོད་གྲིའི་བཟོ་རྩལ་ནི་ལྕགས་རིགས་རྡུང་བཟོའི་ལག་རྩལ་ཞིག་ཡིན་ཞིང་། སྐད་གྲགས་ཆེ་བ་མ་ཟད་གནའ་བོའི་བཟོ་རྒྱུན་མང་པོའི་ནང་ཆེས་ཚབ་མཚོན་དུ་གྱུར་བ་ཞིག་ཡིན། དུས་ཡུན་རིང་པོའི་ནང་། བོད་རིགས་མང་ཚོགས་ཀྱི་ཐོན་སྐྱེད་དང་། འཚོ་བའི་ནང་བོད་གྲི་མེད་དུ་མི་རུང་བ་ཞིག་ཡིན་ཞིང་གནས་བབ་གལ་ཆེན་བཟུང་ཡོད།

ད་ལྟ། བོད་རིགས་མང་ཚོགས་ཀྱི་འཚོ་བའི་ནང་བོད་གྲིར་མེད་དུ་མི་རུང་བའི་བཀོལ་སྤྱོད་ཀྱི་རིན་ཐང་མེད་ཀྱང་། སྒྱུ་རྩལ་གྱི་ཉར་ཚགས་རིན་ཐང་ཆེན་པོ་ཡོད་པས་མི་རྣམས་ཀྱིས་སྔར་བཞིན་དགའ་པོ་བྱེད་པ་དང་། མངག་ཉོ་བྱེད་མཁན་མང་པོ་ཡོད།
ཉེ་བའི་ལོ་ཤས་ནང་། བོད་ལྗོངས་ཀྱིས་ཕུན་སུམ་ཚོགས་པའི་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་བེད་སྤྱོད་ཀྱི་ལས་དོན་ཤུགས་ཆེན་སྤེལ་ཏེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་དུས་རབས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་བསྣན་པས་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་ཤུགས་ཆེན་བྱུང་ཡོད།

རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་བྱུང་བ་དང་བསྟུན་ནས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་གྲིའི་བཟོ་རྩལ་ཡང་བོད་ལྗོངས་ས་གནས་ཁག་གི་ལག་ཤེས་པས་ལེགས་བཅོས་དང་རྒྱུན་འཛིན་བྱེད་པའི་ནང་འཕེལ་རྒྱས་བྱུང་ཡོད།

བོད་ལྗོངས་ལྷ་རྩེ་རྫོང་ལ་སྔར་ནས་བོད་གྲིའི་ཕ་ས་ཞེས་པའི་མཚན་སྙན་ཡོད་ཅིང་། ཡུལ་དེ་ནས་ཐོན་པའི་བོད་གྲི་ནི་སྐད་གྲགས་ཆེན་པོ་ཡོད། དེའི་བཟོ་རྩལ་སྔ་རྗེས་སུ་རང་སྐྱོང་ལྗོངས་རིམ་པ་དང་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་རྣམ་གྲངས་ལ་བཅུག་ཡོད།

2023ལོར་བོད་ལྗོངས་ཀྱིས་ཁག་དང་པོའི་བོད་ཀྱི་གྲགས་ཅན་ཚོང་རྟགས་རྙིང་པ་བཅུ་གཉིས་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་ལྷ་རྩེ་རྩེ་ལུང་བོད་གྲི་ཚུད་ཡོད། ལྷ་རྩེ་རྩེ་ལུང་བོད་གྲིའི་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་ཚེ་བརྟན་དབང་རྒྱལ་གྱིས། ང་རང་ནི་རྩེ་ལུང་བོད་གྲིའི་བཟོ་རྩལ་གྱི་རྒྱུན་འཛིན་པ་ཞིག་ཡིན། རང་ལོ་བཅུ་བདུན་ནས་ལག་རྩལ་དེ་སློབ་སྦྱོང་བྱེད་མགོ་ཚུགས་ཏེ་ད་བར་སྲོལ་རྒྱུན་གྱི་བཟོ་རྩལ་དེ་རྒྱུན་འཛིན་བྱས་ཡོད་ཅེས་ངོ་སྤྲོད་བྱེད་ཀྱི་འདུག

ལྷ་རྩེ་རྩེ་ལུང་བོད་གྲི་ནི་ལྷ་རྩེ་ཁུལ་ནས་ཐོན་པ་དང་། ཁྱིམ་རྒྱུད་ཀྱི་རྒྱུན་འཛིན་ལ་བརྟེན་ནས་ད་བར་ཉམས་མེད་གོང་འཕེལ་བྱུང་ཡོད། རྩེ་ལུང་བོད་གྲིའི་གྲི་ངོས་དང་། གྲི་ཡུ། གྲི་ཤུབས་བཅས་ཚང་མ་སྲོལ་རྒྱུན་གྱི་བཟོ་རྩལ་སྤྱད་ནས་ཐོན་སྐྱེད་བྱས་པས་བོད་གྲི་རེ་རེ་ནི་བཟོ་བོའི་ཕྱག་སོར་ལས་འཁྲུངས་པའི་སྒྱུ་རྩལ་གྱི་དངོས་པོ་ཞིག་ཡིན།

ད་ལྟ་ཚེ་བརྟན་དབང་རྒྱལ་གྱི་བུ་ཉི་མ་དབང་ལགས་ཀྱིས་ཕའི་ལག་རྩལ་རྒྱུན་འཛིན་བྱས་ཡོད་པ་དང་། ཁོང་གི་བུ་བསོད་ནམས་འབྲུག་ལྷ་ཡང་ལག་ཤེས་པར་གྱུར་ཡོད། ཚེ་བརྟན་དབང་རྒྱལ་དང་། ཁོང་གི་བུ་དང་ཚ་བོ་བཅས་པ་མི་རབས་གསུམ་གྱིས་བོད་གྲིའི་བཟོ་རྩལ་རྒྱུན་འཛིན་བྱས་ནས་བདེ་སྐྱིད་ཀྱི་འཚོ་བ་གཏོད་བཞིན་ཡོད།


ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/项吉当知

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章