གོམས་གཤིས་བཅུ་པོ་འདི་དག་ལས་གཅིག་མ་འཇགས་པ་གནང་རོགས།

政务   2024-11-21 11:43   青海  

【བདེ་ཐང365】ཞེས་པའི་ལེ་ཚན་འདི་ནི་མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར་ཁང་གིས་གསར་དུ་སྒྲུབ་པའི་ལེ་ཚན་ཞིག་ཡིན་ལ། འདིར་རྒྱ་ཆེའི་ཀློག་པ་པོར་ཕྱོགས་ཡོངས་དང་ཆེད་ལས། སྤྱོད་གོ་ཆོད་པའི་བདེ་ཐང་ཤེས་བྱ་མཁོ་འདོན་བྱེད་རྒྱུ་ཡིན།  ལེ་ཚན་འདིའི་ནང་དུ་ང་ཚོས་གསོ་རིག་ཆེད་མཁས་པ་དང་འཚོ་བཅུད་རིག་པ་བ། སེམས་ཁམས་རིག་པའི་དགེ་རྒན་སོགས་ཆེད་ལས་མི་སྣ་གདན་འདྲེན་ཞུས་ཏེ། ཁྱེད་རྣམས་ཀྱི་ལུས་ཁམས་བདེ་ཐང་དང་སེམས་ཁམས་གསལ་ཐང་། བཟའ་བཏུང་འཚོ་བཅུད་སོགས་ཀྱི་གནད་དོན་ལ་ལན་འདེབས་སུ་འཇུག་རྒྱུ་ཡིན། དེ་དང་ཆབས་ཅིག ང་ཚོས་ད་དུང་སྤྱོད་གོ་ཆོད་པའི་བདེ་ཐང་རྒྱུན་ཤེས་མཉམ་སྤྱོད་བྱས་ནས་ཚང་མས་དུས་རྒྱུན་འཚོ་བའི་ཁྲོད་རང་ཉིད་ཀྱི་བདེ་ཐང་ལ་སྔར་ལས་ལེགས་པའི་དོ་སྣང་བྱེད་པར་རོགས་རམ་བྱ་རྒྱུ་ཡིན།

ཟ་མ་བཟས་ཚར་རྗེས་གང་ཞིག་བྱེད་འོས་པ་དང་གང་ཞིག་བྱེད་མི་འོས་པའི་ཐད་ཕལ་ཆེར་མི་རེ་ལ་ཤོད་སྲོལ་མི་འདྲ་བ་རེ་ཡོད་སྲིད། དཔེར་ན། ཟ་མ་ཟོས་ཚར་རྗེས་ལུས་སྦྱོང་བྱས་ན་ཟས་འཇུ་དཀའ་བ་དང་།  ཟ་མ་ཟོས་ཚར་རྗེས་སྐེ་རགས་ལྷུག་ཏུ་བཏང་ན་ཕོ་བ་མར་བབས་པ། ཟ་མ་བཟས་ཚར་རྗེས་གཉིད་ཉལ་ན་རྒྱགས་པ་ཆགས་པ་སོགས་ཤོད་སྲོལ་མི་འདྲ་བ་མང་པོ་ཞིག་ཡོད་པས། གཤམ་ལ་ང་ཚོ་མཉམ་དུ་ཟ་མ་བཟས་ཚར་རྗེས་བྱེད་རུང་བའི་གོམས་གཤིས་དགུ་དང་བྱེད་མི་རུང་བའི་གོམས་གཤིས་གཅིག་གི་ཐད་ལ་རྒྱུས་མངའ་ཞིག་གནང་དང་།

གོམས་གཤིས་དང་པོ། ཟ་མ་བཟས་ཚར་རྗེས་འཆམ་འཆམ་དུ་འགྲོ་བ།

མི་ཁ་ཤས་ཀྱིས་ཟ་མ་བཟས་ཚར་རྗེས་འཆམ་འཆམ་དུ་སོང་ན་ཟུངས་ཁྲག་གི་འཁོར་རྒྱུག་ལ་ཤུགས་རྐྱེན་ཐེབས་ནས་ཕོ་བ་ལ་གནོད་པ་ཆེན་པོ་ཡོད་ལུགས་ཤོད་ཀྱི་ཡོད། འོན་ཀྱང་། ཟ་མ་བཟས་ཚར་རྗེས་འཆམ་འཆམ་དུ་སོང་བ་དེས་ཟུངས་ཁྲག་གི་འཁོར་རྒྱུག་དང་ཟས་ཀྱི་དང་ག་ཉམས་པ་སོགས་ལ་ཤུགས་རྐྱེན་མེད་པར་དེ་ལས་ཁྲག་འཁོར་རྒྱུག་ལ་ཕན་ཐོགས་ཡོད་པ་མ་ཟད་གསོ་རླུང་དང་འཚོ་བཅུད་འཇུ་ལེན་ལ་ཡང་ཕན་ཐོགས་ཡོད།

གོམས་གཤིས་གཉིས་པ། ཟ་མ་བཟས་ཚར་རྗེས་སྐེ་རགས་ལྷུག་ཏུ་གཏོང་བ།

མི་འགའ་རེས་ཟ་མ་བཟས་ཚར་རྗེས་སྐེ་རགས་ལྷུག་ཏུ་བཏང་ན་ཕོ་བ་མར་བབས་པའི་འདོད་ཚུལ་བཟུང་གི་ཡོད། དེ་ནི་ངོ་མ་ཁུངས་ལུང་མེད་པའི་སྐད་ཆ་ཞིག་རང་རེད། སྐེ་རགས་ཕོ་བའི་ཐོག་བཅིངས་མེད་པས་སྐེ་རགས་ལྷུག་ཏུ་བཏང་བ་དེས་ཕོ་བའི་བྱེད་ནུས་ལ་ཤུགས་རྐྱེན་ཐེབས་ཀྱི་མེད།

གོམས་གཤིས་གསུམ་པ། དགུང་ཟས་ཚར་རྗེས་གཉིད་ཉལ་བ།

དགུང་ཟས་བཟས་ཚར་རྗེས་གཉིད་ཉལ་ན་ཕྱི་དྲོ་གྲུང་ཤ་དོད་དུ་འགྲོ་ཐུབ། མི་འགའ་རེས་དགུང་ཟས་བཟས་ཚར་རྗེས་གཉིད་ཉལ་ན་རྒྱགས་པ་ཆགས་པའི་ངོས་འཛིན་བྱེད་ཀྱི་ཡོད། དོན་དངོས་ཐོག་དགུང་ཟས་བཟས་ཚར་རྗེས་གཉིད་ཉལ་བ་དང་རྒྱགས་པ་ཆགས་པའི་དབར་ཐད་ཀའི་འབྲེལ་བ་གང་ཡང་མེད།  ཡིན་ནའང་།  ཉིན་དགུང་གཉིད་ཉལ་བའི་དུས་ཚོད་རིང་དྲགས་རྒྱུ་མེད་པར་སྐར་ཆ་སུམ་ཅུ་ཡས་མས་སུ་ཚོད་འཛིན་བྱ་དགོས། 

གོམས་གཤིས་བཞི་པ།  ཟ་མ་བཟས་ཚར་རྗེས་འཕྲེད་ཉལ་རྒྱག་པ།

ཟ་མ་བཟས་ཚར་རྗེས་འཕྲེད་ཉལ་བརྒྱབ་ནས་ངལ་གསོ་བརྒྱབ་ན་འགྲིག་གི་ཡོད། འཕྲེད་ཉལ་རྒྱག་པ་དང་། ལངས་ནས་སྡོད་པ།  ཙོག་པུར་སྡོད་པ་སོགས་ཀྱིས་ཕོ་བའི་འཇུ་བྱེད་ནུས་པར་ཤུགས་རྐྱེན་ཐེབས་མི་སྲིད། ལྷག་པར་དུ་ལས་ཀར་འགྲོ་མཁན་གྱི་ངོས་ནས་བརྗོད་ན། གལ་སྲིད་ཟ་མ་བཟས་ཚར་པའི་རྗེས་སུ་འཕྲེད་ཉལ་བརྒྱབ་ནས་ངལ་གསོ་བརྒྱབ་ན་དེ་ནི་ཁ་སྦུག་སློག་ནས་ཉལ་བ་ལས་སྒལ་ཚིགས་དང་མིག་ལ་དེ་བས་ཕན་པ་ཡོད།

གོམས་གཤིས་ལྔ་པ། ཟ་མ་བཟས་ཚར་རྗེས་གཟུགས་པོ་འཁྲུ་བ།

བདེ་ཐང་གི་མི་ཞིག་ཡིན་ཕྱིན་ཟ་མ་བཟས་ཚར་རྗེས་གཟུགས་པོ་བཀྲུས་ན་འགྲིག་གི་ཡོད། འོན་ཀྱང་། སྙིང་ཁམས་ཀླད་རྩའི་ནད་སོགས་ཡོད་པའི་མི་ཡིན་ན་དོ་སྣང་ཅུང་ཟད་བྱེད་དགོས། གང་ལགས་ཤེ་ན། གུ་དོག་པའི་ལུས་འཁྲུ་ཁང་དུ་ཆུ་ཚ་པོས་འཕྲལ་དུ་གཟུགས་པོ་བཀྲུས་ན་མགོ་ཡུ་འཁོར་ནས་འགྱེལ་བའི་ཉེན་ཁ་ཡོད་པས། ངལ་གསོ་ཅུང་ཟད་བརྒྱབ་ནས་བཀྲུས་ན་དེ་བས་ལེགས་པ་ཡོད།

གོམས་གཤིས་དྲུག་པ། ཟ་མ་བཟས་ཚར་རྗེས་ཤིང་ཏོག་བཟའ་བ།

ཟ་མ་བཟས་ཚར་རྗེས་འཕྲལ་དུ་ཤིང་ཏོག་ཟས་ན་འཚོ་བཅུད་བསྡུ་ལེན་ལ་ཤུགས་རྐྱེན་ཐེབས་ཀྱི་མེད། གལ་སྲིད། ཁྱེད་རང་ནས་ཟ་མ་རྒྱགས་ཚད་བཟས་ཡོད་ན་ཤིང་ཏོག་མཆོད་རྒྱུ་མེད། གང་ལགས་ཤེ་ན། ཤིང་ཏོག་ནང་དུའང་ཚ་དྲོད་དང་མངར་ཆ་ངེས་ཅན་ཞིག་ལྡན་ཡོད་པས། ཚང་མ་སྡེབ་གཅིག་ལ་སྤྱད་ན་ཕོ་རྒྱུར་གནོན་ཤུགས་བཟོ་སྲིད།

གོམས་གཤིས་བདུན་པ། ཟ་མ་བཟས་ཚར་རྗེས་ཇ་འཐུང་བ།

མ་གཞི། ཇའི་ནང་འདུས་གྲུབ་ཆ་ཁ་ཤས་ཀྱིས་ཟས་རིགས་ཁྲོད་ཀྱི་སྤྲི་དཀར་བསྡུ་ལེན་བྱེད་པར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་སྲིད་ཀྱང་།  ཇ་གར་པོ་མེད་ཚེ།  འོས་འཚམས་ཀྱིས་བཏུང་ན་སྐྱོན་གང་ཡང་མེད། 

གོམས་གཤིས་བརྒྱད་པ། ཟ་མ་བཟས་ཚར་རྗེས་ཆུ་འཐུང་བ།

ཟ་མ་བཟས་ཚར་རྗེས་ཆུ་བཏུང་ན་སྐྱོན་མེད། མ་གཞི་ནས་ཟས་རིགས་ཁྲོད་དུ་ཆུ་ཕུན་སུམ་ཚོགས་པོ་ཡོད།

གོམས་གཤིས་དགུ་པ། ཟ་མ་བཟས་ཚར་རྗེས་སོ་འཁྲུ་བ།

ཟ་མ་བཟས་ཚར་རྗེས་སོ་བཀྲུས་ན་འགྲིག་གི་ཡོད། ལྷག་པར་དུ་ཟ་མ་བཟས་ཚར་རྗེས་སོ་བཀྲུས་ན་ཁ་སྦུག་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཡོད། གལ་སྲིད་སོ་འཁྲུ་རྒྱུ་སྟབས་བདེ་པོ་མེད་ན། སོ་འཁྲུ་བྱེད་ཀྱི་ཆུ་དང་འཐུང་ཆུ། ཐ་ན་ཀ་ལའི་ཆུ་སོགས་ཀྱིས་ཁ་ཆུ་བཤལ་བཏང་ནའང་། ཁ་སྦུག་གི་བདེ་ཐང་ལ་ཕན་ཐོགས་ཡོད།

གོམས་གཤིས་བཅུ་པ། ཟ་མ་བཟས་ཚར་རྗེས་རླངས་འཁོར་གཏོང་རྒྱུ་མེད།

ཟ་མ་བཟས་ཚར་རྗེས་རླངས་འཁོར་བཏང་བ་ཡིན་ན་བདེ་འཇགས་ཀྱི་ཉེན་ཁ་ཐོན་ཉེན་ཆེན་པོ་ཡོད་པས་ངེས་པར་དུ་དོགས་ཟོན་གནང་དགོས། མ་གཞི། རྒྱུན་དུ་ང་ཚོས་ཟ་མ་རྒྱགས་ཚད་བཟས་ན་ལས་ཀ་བྱེད་པའི་ཤུགས་ཡོད་ཅེས་ཟེར་གྱི་ཡོད། འོན་ཀྱང་། ཟ་མ་བཟས་ཚར་མ་ཐག་རླངས་འཁོར་བཏང་ན་དེ་ཙམ་ཡག་པོ་མེད། དེ་ཡང་། ཟ་མ་རྒྱགས་ཚད་བཟས་ན་རླངས་འཁོར་མི་གཏོང་བ་དང་། རླངས་འཁོར་བཏང་ན་ཟ་མ་རྒྱགས་ཚད་མི་བཟའ་ཟེར་བ་བཞིན། རང་གཞན་ཀུན་གྱི་བདེ་འཇགས་ཆེད་དུ། ཟ་མ་བཟས་ཚར་རྗེས་སྐར་མ་སུམ་ཅུའི་ཡས་མས་ཤིག་ངལ་གསོ་བརྒྱབ་རྗེས་རླངས་འཁོར་བཏང་ན་ཡག་པ་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

责编/彭毛才旦

监制/杨本才让  总监制/刘增奎

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章