བོད་ལྗོངས་རྒྱལ་རྩེ་རྫོང་དུ་ལོ་རྒྱུས་རིང་བའི་རུམ་འཐག་བཟོ་གྲྭ་ཞིག་ཡོད་ཅིང་། དེས་ལོ་ངོ900ཡི་ལོ་རྒྱུས་ལྡན་པའི་བོད་རུམ་གྱི་སྲོལ་རྒྱུན་འཁལ་འཐག་ལག་རྩལ་རྒྱུན་འཛིན་བྱས་ཡོད། ཤོད་རྒྱུན་ལ་ཐུར་ཁེའི་རུམ་དང་། སྟག་ཟིག་གི་རུམ། བོད་རུམ་བཅས་ལ་འཛམ་གླིང་གི་རུམ་ཆེན་པོ་གསུམ་ཞེས་སུ་འབོད་ཅིང་། དེ་ལས་བོད་རུམ་གྱི་གནས་བབ་གང་ལེགས་མཚོན་གྱི་ཡོད།
བོད་རུམ་ནི་བོད་ཀྱི་སྲོལ་རྒྱུན་ལག་ཤེས་ཐོན་རྫས་ཤིག་ཡིན་ཞིང་། དུས་ཡུན་རིང་པོའི་ལོ་རྒྱུས་ལྡན་ཡོད། དེའི་ནང་ནས་རྒྱལ་རྩེའི་རུམ་ལ་རི་མོ་དང་བཟོ་རྩལ། ཚོས་མདངས། ཇེམ་ཙེ་རྒྱག་སྟངས་སོགས་ཚང་མའི་ཐད་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་ཁར། རྒྱལ་རྩེའི་རུམ་གྱི་བཟོ་རྩལ་སྤུས་དག་ལ། ཚོས་ཁ་དྭངས་བ་དང་། ངོས་འཇམ་པ་སོགས་ཀྱི་ཁྱད་ཆོས་ལྡན་པས་བོད་རུམ་འཁལ་འཐག་ལག་རྩལ་གྱི་ཚད་གཞི་འཛིན་ས་དང་། སྲོལ་རྒྱུན་ལག་ཤེས་ཐོན་རྫས་ཀྱི་དཔེ་འཛིན་ས་ཞིག་ཏུ་འཇོག་གི་ཡོད། 1973ལོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་རྒྱལ་རྩེ་བོད་རུམ་བཟོ་གྲྭ་བཙུགས་པས་རྒྱལ་རྩེའི་བོད་རུམ་ཉིད་སྔར་ཡོད་ཀྱི་རྨང་གཞིའི་ཐོག་འཕེལ་རྒྱས་མགྱོགས་པོ་འགྲོ་བའི་དུས་རབས་ཤིག་ལ་སླེབས་ཡོད།བོད་རང་སྐྱོང་ལྗོངས་རིམ་པའི་བོད་རུམ་འཐག་རྩལ་གྱི་རྒྱུན་འཛིན་པ། རྒྱལ་རྩེ་བོད་རུམ་བཟོ་གྲྭའི་འགོ་འཛིན་ལྷག་ཕུན་ལགས་ཀྱིས། རྒྱལ་རྩེའི་བོད་རུམ་ནི་སྤུས་ལེགས་ཀྱི་བལ་དང་། སྐྱེ་དངོས་ཚོན་དང་གཏེར་ཚོན་རྒྱུ་ཆར་བྱས་ཏེ། སྲོལ་རྒྱུན་གྱི་རུམ་འཐག་ལག་རྩལ་ལ་བརྟེན་ནས་ཐོན་སྐྱེད་བྱེད་ཀྱི་ཡོད་པས་སྤུན་འཁེལ་བ་ནས་ཚོས་རྒྱག་པ་དང་། དེ་ནས་རུམ་འཐག་པ། ཇེམ་ཙེ་རྒྱག་པ། གཙང་འཁྲུད་བྱེད་པ་བཅས་ཀྱི་བར་ལ་དམིགས་བསལ་གྱི་ཐོན་སྐྱེད་ལས་རིམ་ཞིག་གྲུབ་ཡོད་ཅེས་ངོ་སྤྲོད་གནང་འདུགལྷག་ཕུན་ལགས་ལོ16ལ་རྒྱལ་རྩེ་རུམ་འཐག་བཟོ་གྲྭར་སླེབས་པ་ནས་ད་བར་ལོ་ངོ47ཙམ་གྱི་དུས་ཚོད་ནང་སྔ་རྗེས་སུ་རྒྱལ་རྩེ་རུམ་འཐག་བཟོ་གྲྭའི་འཁོར་ཁང་གི་འགན་ཁུར་བ་དང་། དེ་ནས་བཟོ་གྲྭའི་འགན་ཁུར་བ་སོགས་ཀྱི་ལས་གནས་ཐོག་རྒྱལ་རྩེ་རུམ་འཐག་བཟོ་གྲྭའི་སྣེ་ཁྲིད་དེ་སྲོལ་རྒྱུན་གྱི་ལག་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ལས་ལ་ཞུགས་ཤིང་། རྒྱལ་རྩེའི་རུམ་གྱི་ཤུགས་རྐྱེན་དང་མིང་གྲགས་ཇེ་ཆེར་གཏོང་བའི་ཐད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།རྒྱལ་རྩེའི་བོད་རུམ་གྱིས་ལོ་ངོ་བརྒྱ་ཕྲག་གོང་གི་བོད་ཀྱི་འཐག་ལས་སྒྱུ་རྩལ་གྱི་ཆུ་ཚད་མངོན་ཞིང་། ས་ཆ་དེ་གའི་མང་ཚོགས་ཀྱི་དགའ་པོ་བྱེད་པ་མ་ཟད་རྒྱལ་ཁབ་ཕྱི་ནང་ལ་ཡང་བྲིན་ཁ་རྒྱུག་པོ་ཡོད། 1997ལོར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་ལག་ཤེས་བཟོ་ལས་ཐོན་རྫས་འགྲན་བསྡུར་ཆེན་མོའི་ནང་རྩེར་སོན་ཐོན་རྫས་ཀྱི་བྱ་དགའ་ཐོབ་པ་དང་། 2011ལོར་རུམ་འཐག་བཟོ་གྲྭ་དེ་རིག་གནས་པུས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོབ་དཔེ་སྟོན་རྟེན་གཞིར་བདམས་པ་སོགས་ཀྱི་མཚན་སྙན་རབ་དང་རིམ་པ་ཐོབ་ཡོད། དེ་ནི་རྒྱལ་རྩེའི་རུམ་འཐག་བཟོ་གྲྭས་དམིགས་བསལ་ཐོན་རྫས་དེའི་སྲོལ་རྒྱུན་བཟོ་རྩལ་རྒྱུན་འཛིན་བྱས་ནས་གནའ་བོའི་ལག་རྒྱུན་དེ་དུས་རབས་གསར་པར་འོད་སྟོང་འཕྲོ་བར་བྱས་པའི་མཚོན་ཚུལ་ཞིག་རེད།ད་ཆ་རྒྱལ་རྩེ་རུམ་འཐག་བཟོ་གྲྭའི་བོད་རུམ་ལ་རྒྱལ་ནང་ཁྲོམ་རར་དགའ་བསུ་ཐོབ་པ་མ་ཟད་ཕྱི་རྒྱལ་ཁྲོམ་རར་ཡང་བྲིན་ཁ་རྒྱུག་པོ་ཡོད། ལྷག་ཕུན་ལགས་ཀྱིས། ང་ཚོའི་བོད་རུམ་མངགས་ཉོ་བྱེད་མཁན་མང་པོ་འདུག་པས་དུས་ཐོག་ལ་རྩིས་སྤྲོད་མི་ཐུབ་པའི་དཀའ་ངལ་འཕྲད་ཀྱི་འདུག ང་ཚོས་གཞོན་ནུ་སྔར་ལས་མང་བར་ལག་རྩལ་དེ་བསླབ་ནས་སྲོལ་རྒྱུན་ལག་རྩལ་རྒྱུན་འཛིན་བྱེད་པ་དང་། བོད་རུམ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་ཡིན་ཞེས་བརྗོད་འདུག
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
责编/冷公加
监制/杨本才让 总监制/刘增奎
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系