༄༅། །ལོང་བ་དང་འོན་པས་ལྕགས་ཟམ་སྒྲོལ་བ།
སའི་ཆགས་ཚུལ་ཤིན་ཏུ་རྙོག་འཛིང་ཆེ་བའི་གྲོག་རོང་ཆེན་པོ་ཞིག་གི་བར་ན། ངོགས་གཉིས་ལ་བགྲོད་བྱེད་ཀྱི་ལྕགས་ཟམ་ཆེན་པོ་ཞིག་ཡོད། ཟམ་འོག་གི་དྲག་ཏུ་རྒྱུག་པའི་ཆུ་བོའི་བཞུར་སྒྲས་རྣ་རྩ་འགས་པར་བྱེད་ཅིང་དྲག་ཏུ་འཕྱོ་བའི་རྦ་རླབས་ཀྱིས་སྙིང་རྩ་འདར་བར་བྱེད། ཟམ་ཆེན་དེ་སྒྲོལ་ཐུབ་པའི་མི་ཤིན་ཏུ་ཉུང་ཞིང་བསྒྲལ་ན་ཉེན་ཁ་ཆེ་བས་མི་རྣམས་ཀྱིས་དེ་ལ་གཤེད་མའི་གྲོག་རོང་ཞེས་སུ་འབོད།
ཉིན་ཞིག གྲོགས་པོ་གཉིས་ཡོད་པ་དོན་དག་གཅིག་གི་ཆེད་དུ་ངེས་པར་དུ་ལྕགས་ཟམ་དེ་སྒྲོལ་དགོས་བྱུང་བས། ཁོ་གཉིས་ཀྱིས་ལག་པ་རེ་རེ་ལྕགས་ཟམ་གྱི་དཔྱང་ཐག་ལ་འཇུས་ཤིང་། ཡང་ལག་པ་རེ་རེ་ཕན་ཚུན་ལ་འཇུས་ནས་ཟམ་པའི་ཕ་རོལ་དུ་བསྐྱོད། ཟམ་པ་དང་ཐག་མི་རིང་བའི་སར་ཡོད་པའི་ན་གཞོན་ཞིག་གིས་གྲོགས་པོ་དེ་གཉིས་དཀའ་ཚེགས་ཆེན་པོ་མེད་པར་ཟམ་པ་སྒྲོལ་བ་མཐོང་བས། ཁོས་ཀྱང་བསམ་བློ་ཅི་ཡང་མ་བཏང་བར་ཟམ་པ་སྒྲོལ་བར་བརྩམས་པ་ན། བར་མཚམས་ཤིག་ལ་སླེབས་དུས་ཆུ་བོའི་བཞུར་སྒྲ་དང་རྦ་རླབས་དྲག་པོའི་གནོན་ཤུགས་ཀྱིས་ན་གཞོན་དེའི་རྐང་པར་འདར་སིག་བརྒྱབ་ནས་འགྲོ་མ་ཕོད། ཡང་བསྐྱར་རྦ་རླབས་དྲག་པོ་ཞིག་འཕྱུར་བྱུང་། ཁོ་རང་སྐྲག་ནས་མིག་གཉིས་བཙུམས་པ་དང་ལག་པ་གཉིས་ཀྱིས་རྣ་བ་བཀབ་པ་ན། རྦ་རླབས་དང་ལྷན་དུ་ལྡང་བའི་རླུང་དྲག་པོ་ཞིག་གིས་ན་གཞོན་དེ་ལྕགས་ཟམ་གྱི་འོག་ཏུ་གཡུགས་ཏེ་ཁོའི་ཚེ་སྲོག་དེ་མུར་བཅོམ།
གྲོགས་པོ་གཉིས་ཀྱིས་ལྕགས་ཟམ་དེ་སྒྲོལ་ཐུབ་པའི་གནས་ཚུལ་ལ་མི་རྣམས་ཡ་མཚན་ནས། སྔར་ཡིན་ན་ལྕགས་ཟམ་དེ་ཉེན་ཁ་ཤིན་ཏུ་ཆེ་བས་སྒྲོལ་ཐུབ་མཁན་ཕལ་ཆེར་མེད། ཁྱོད་གཉིས་ཀྱིས་ཐབས་ཤེས་གང་ཞིག་བཏང་བ་ཡིན་ཞེས་དྲིས་པ་ན། གྲོགས་པོ་གཉིས་ཀྱིས་ཟམ་པ་ཞིག་སྒྲོལ་བར་དེ་འདྲའི་ཡ་མཚན་དོན་ཅི་ཡོད་ཅེས་ལན་བཏབ། ཅང་མ་འགོར་བར། དེའི་ནང་གི་གྲོགས་པོ་གཅིག་གིས་ང་ནི་ལོང་བ་ཞིག་ཡིན། ས་བབ་ཀྱི་གནས་ཚུལ་གཏན་ནས་མི་ཤེས་ཟེར། ཡང་གྲོགས་པོ་གཞན་ཞིག་གིས་ང་ནི་འོན་པ་ཞིག་ཡིན། ཆུ་སྒྲ་གཏན་ནས་ཐོས་མི་ཐུབ་ཅེས་ལན་བཏབ། ཡིན་ནའང་བལྟས་བལྟས་རིག་རིག་ལ་ཆུ་ནང་དུ་ལྷུངས་བའི་ན་གཞོན་དེ་ནི་མིག་ཟུང་གསལ་ཞིང་རྣ་བས་ཀྱང་གོ་ཐུབ་པ་ཞིག་ཡིན་འདུག
རྒྱུན་གཏན་གྱི་འཚོ་བའི་ནང་། བལྟས་ན་འཇིགས་སྐྲག་ཆེ་ཞིང་སྐྱི་གཡའ་བའི་ཕྱི་ཚུལ་གྱིས་མི་རྣམས་ལ་སྐྲག་སྣང་དང་གཉའ་ཆག་པའི་གནོན་ཤུགས་སྤྲོད་ཀྱི་ཡོད། ཡིན་ནའང་། མཐོང་ཡང་མ་མཐོང་བར་སྡོད་པ་དང་། གོ་ཡང་མ་གོ་བར་སྡོད་ནུས་ན། ཁྱོད་ཀྱིས་ལག་པའི་ཕྱི་ནང་བརྗེས་པ་ལྟར་དཀའ་སྡུག་ལ་གདོང་གཏུགས་ཐུབ་པ་ཡིན།