བོད་ལུགས་གསོ་རིག་གི་གཞི་འཛིན་གཞུང་ལུགས་ཆེ་མོ་ཡིན་པའི་དཔལ་ལྡན་རྒྱུད་བཞི་འདི་ཉིད་འཛམ་གླིང་དྲན་ཤེས་མིང་གཞུང་དུ་ཚུད་པ་དྲིལ་བསྒྲགས་སྔར་བས་ཡག་པོ་དང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་(བོད་རང་སྐྱོང་ལྗོངས་སྨན་རྩིས་ཞིབ་འཇུག་གླིང)གི་རྒྱུད་བཞིའི་པར་མ་བསྡུ་རུབ་ཀྱི་ལས་དོན་ལ་ཐོབ་པའི་ལྗིད་ཏིག་ཏིག་གི་གྲུབ་འབྲས་གང་ལེགས་མངོན་ཆེད། ཉེ་ཆར། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ནད་སྡོད་པུའི་ནད་ཐོག་སྨན་བཅོས་ཞིབ་འཇུག་རྟེན་གཞིའི་ཐོག་ཁང་དང་པོའི་འོག་ཤོད་དུ་རྒྱུད་བཞིའི་པར་མ་འགྲེམས་སྟོན་ཞིག་བྱེད་བཞིན་མཆིས།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་ཁུལ་དུ་རྒྱུད་བཞིའི་པར་མ་མི་འདྲ་བ་རིགས་200ལྷག་ཙམ་བསྡུས་ཡོད་པ་དག་ཤིང་པར་དང་། བྲིས་མ། འདྲ་པར། སྣུམ་པར། དེང་རབས་ཀྱི་དཔེ་སྐྲུན་པར་གཞི་སོགས་རིགས་མང་པོ་ཡོད་ལ། གཞན་ཡང་ད་དུང་རྒྱལ་ནང་གི་དཔེ་སྐྲུན་པར་གཞི་དང་། ཀྲུང་གོའི་ཐའེ་དབན་གྱི་དཔེ་སྐྲུན་པར་གཞི། དེ་བཞིན་ཨུ་རུ་སུ་དང་། ཧྥ་རན་སེ། འཇར་མན། ཉི་ཧུང་སོགས་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བར་བོད་ཡིག་གམ་ཡིག་རིགས་གཞན་དུ་ལོ་ཙཱ་བྱས་ཏེ་དཔེ་སྐྲུན་བྱས་པའི་པར་གཞི་སྣ་ཚོགས་ཀྱང་ཚུད་ཡོད་པ་རེད།
འགྲེམས་སྟོན་བྱེད་པའི་དུས་ཚོད་ནི། 2024ལོའི་ཟླ་11ནས་2025ལོའི་ཟླ་4པའི་བར་གྱི་གཟའ་འཁོར་རེའི་གཟའ་མིག་དམར་དང་ཕུར་བུའི་ཕྱི་དྲོར་ཡིན་འདུག་ཅིང་། གསོ་རིག་གཞུང་ལུགས་ལ་སྦྱངས་བརྩོན་དང་ཐོས་བསམ་བགྱི་བར་བརྩོན་པའི་སློབ་གྲྭ་བའམ་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་ལྟ་སྐོར་དང་རིག་གནས་སྤེལ་རེས་སུ་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་བཞིན་མཆིས།
འགྲེམས་ཁང་གི་ཞིབ་ཕྲའི་གནས་ཡུལ་ནི།
ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ལམ་སྒོ་ཨང་26
འབྲེལ་གཏུག་བྱ་ཡུལ། ཚེ་སྟོབས།
ཁ་པར་ཨང་གྲངས། 13908917116
(གསར་འགོད་པ། ཉི་མ་ཆོས་གྲུབ། )