སྐབས47པ། ཁྲོམ་ཕུའི་དམ་འབུལ་མཛད་སྒོ་དང་བྷ་ཀྲན་སྐབས་ཀྱི་ཨ་རི།

健康   2025-01-21 15:17   四川  

དམིགས་བསལ་གལ་ཆེན་གསར་འགྱུར།

2025/1/20 གཟའ་ཟླ་བ།

སྟོབས་ལྡན་ཨ་རི།

ཕྱི་ལོ་2025ལོའི་1པོའི་ཚེས20ཉིན་ཨ་རིའི་སྲིད་འཛིན་ཞེ་བདུན་པ(47)སྒྲོ་ནལ་ཁྲི་རམ་ཕུས་དམ་འབུལ་མཛད་སྒོའི་སྟེང་སླར་ཡང་ཁོས། ཡེ་ཤུའི་དམ་པའི་གསུང་རབས་གཉིས་བརྩེགས་ཀྱི་སྟེང་ལག་པ་བཞག་ནས་དམ་འབུལ་ཞུས། གསུངས་རབ་དེབ་ཅིག་ཕྱི་ལོ་ 1861 ལོར་ཨ་རིའི་སྲིད་འཛིན་ཨེབ་ར་ཧེམ་ལེན་ཁོན་གྱིས་སྤྱད་པ་སོགས། སྔར་ཨ་རིའི་སྲིད་འཛིན་འགས་སྤྱད་ཟིན་པ་ཞིག་དང་། དེབ་གཅིག་ཁོ་རང་གི་ཨ་མས་ཁོ་ལ་སྤྲད་ཡིན་པ་བཤད། 

ད་ལྟ་ཁོས་གཏམ་བཤད་བྱེད་ཀྱིན་པའི་མཚམས་དང་། ཁོས་ཨ་རི་ཉམ་རྒུད་འགྲོ་རྒྱུའི་མཚམས་འདི་ནས་བཞག་ཟིན་པ་དང་། གསེར་གྱི་དུས་རབས་འགོ་བཙུག་ཟིན་པ་སོགས་བཤད།

སྐབས46པའི་སྲིད་འཛིན་བྷ་ཀྲན་གྱི་དུས་ཡུན་སྐབས་ཀྱི་ཨ་རིའི་ཆབ་དཔལ་རིག་གསུམ་དང་རྒྱལ་སྤྱིའི་གསར་འགྱུར་གཞན་ཁག

ཨ་རིའི་སྲིད་འཛིན་ཨང་ཞེ་དྲུག་པ་རྗོ་བྷ་ཀྲན་གྱི་སྲིད་དབང་མཇུག་བསྡུ་རྒྱུའི་དུས་ལ་བསླེབས། ཕྱི་ཚེས་20ཉིན་སྲིད་འཛིན་གསར་བ་སྒྲོ་ནལ་ཁྲི་རམ་ཕུས་དམ་འབུལ་བྱས།

འདིར་སྲིད་འཛིན་བྷ་ཀྲན་གྱི་ལས་དོན་གཙོ་བོ་གཉིས་ལ་རོབ་ཙམ་ལྟ་ཆོག།

དཔལ་འབྱོར་གྱི་སྐོར།

   ཕྱི་ལོ་2014 ནས་ཕྱི་ལོ་ 2016 བར་ཏེ་སྲིད་འཛིན་ཨོ་བྷ་མའི་དུས་ཡུན་མཐའ་མའི་རིང་། ལོ་རེའི་ཨ་རིའི་དཔལ་འབྱོར་ཡར་རྒྱས་ཀྱི་ཚད་གཞི་དེ་(ལོ་དེ་དང་དེའི་སྔོན་མ་དང་བསྡུར་ན།)བརྒྱ་ཆ་ 2.3% ཡས་མས་ཡིན་པ་དང་། ཕྱི་ལོ་ 2016 ནས་ཕྱི་ལོ་ 2021 བར་སྟེ་སྒྲོ་ནལ་ཁྲི་རམ་ཕུའི་སྐབས། མུ་མཐུད་ལོ་རེའི་ཡར་རྒྱས་ཀྱི་ཚད་གཞི་ 2.5% ཡས་མས་ཡིན། ཕྱི་ལོ་2015ལོ་སྟེ་སྲིད་འཛིན་ཨོ་བྷ་མའི་སྐབས། རྒྱལ་ནང་གི་ལས་ཀ་བའི་གླ་དངུལ་གྱི་ཚད་དེ་ 2.4% ལ་ཡར་འཕར། དེའི་རྗེས་སྒྲོ་ནལ་ཁྲི་རམ་ཕུས་སྲིད་བཟུང་བའི་དུས་ཡུན་གྱི་ལོ་དང་པོ་གསུམ་རིང་། ལོ་རེའི་ལས་མིའི་གླ་དངུལ་ཡར་འཕར་བའི་ཚད་དེ་ 2.1% གྱུར་ཅིང་། ཨོ་བྷ་མའི་སྐབས་ལས་ཅུང་དམའ།


   སྤྱིའི་ཆ་ནས་སྒྲོ་ནལ་ཁྲི་རམ་ཕུའི་སྐབས་ལས་མེད་ཀྱི་གྲངས་མར་ 3.5% ཟག་ཅིང་། དེ་ནི་འདས་པའི་དུས་རབས་ཕྱེད་ཀའི་ནང་བྱུང་བ་ཐོག་མ་དེ་གྱུར། དེ་བཞིན་ཕྱི་ལོ་ 2019 ལོར་མི་གྲངས་ས་ཡ་ 4.2 དབུལ་ཕོངས་ཀྱི་གནས་ནས་གྲོལ། སྒྲོ་ནལ་ཁྲི་རམ་ཕུས་འདི་ནི་ལོ་རྒྱུས་ཁྲོད་དབུལ་ཕོངས་ཀྱི་གྲངས་མར་ཆག་པ་ཆེ་ཤོས་དེ་རེད་ཅེས་བསྒྲགས།
   དོན་ལ་ཕྱི་ལོ་ 1966 ལོར་མི་གྲངས་ས་ཡ་4.7དབུལ་ཕོངས་ཀྱི་གནས་ནས་གྲོལ་ཐུབ་ཟིན་པ་གསལ།  ཡིན་ན་ཡང་། སྒྲོ་ནལ་ཁྲི་རམ་ཕུའི་སྐབས་སྤྱིའི་ཆ་ནས་དཔལ་འབྱོར་གྱི་གནས་སྟངས་ཧ་ཅང་ཡག་པོ་དང་བརྟན་པོ་ཞིག་རྒྱུན་མཐུད་ཐུབ་ཡོད་པ་སྙོན་དུ་མེད།ཡིན་ན་ཡང་། ཕྱི་ལོ་ 2019 ལོའི་ཕྱི་ཟླ་ 12ནང་ནས་རྒྱ་ནག་ཝུ་ཧན་གྲོང་ཁྱེར་དུ་འགོ་བཙུག་པ་དང་། ཕྱི་ལོ་2020 ཟླ་1ནང་ནས་འཛམ་གླིང་གང་སར་ཁྱབ་པའི་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས། འཛམ་གླིང་སྤྱི་ཡོངས་ལྟར་ཨ་རིའི་དཔལ་འབྱོར་ལའང་ཉམ་རྒུད་ཆེན་པོ་བྱུང་ཞིང་། ཕྱི་ཟླ་ 3 ནང་ཨ་རིའི་མ་རྐང་ཁྲོམ་རར་ཉམ་རྒུད་བྱུང་ཞིང་དེ་ནི་ཕྱི་ལོ་ 1987 ལོ་ནས་སྡུག་ཤོས་སུ་གྱུར་ཅིང་ཨ་རི་བ་ས་ཡ་མང་པོའི་ལས་ཀ་ཤོར། ཕྱི་ཟླ་ 1 ནས་ཕྱི་ཟླ་ 3 བར་གཅིག་བུར་ཨ་རིའི་རྒྱལ་ནང་ཐོན་སྐྱེད་རིན་ཐང་ཕྱོགས་བསྡོམས་ཀྱི་ཚད་བརྒྱ་ཆ་ 5% མར་ཟག་པ་སོགས། སྒྲོ་ནལ་ཁྲི་རམ་ཕུས་ཡར་རྒྱས་ཆེན་པོ་བཏང་ཟིན་པའི་ཨ་རིའི་དཔལ་འབྱོར་ལ་ཉམ་རྒུད་ཆེན་པོ་ཐེབས། སྒྲོ་ནལ་ཁྲི་རམ་ཕུ་རང་གིས་ཀྱང་། ལམ་འགྲོ་ཟེར་བ་ཞིག་ཀྱང་དགོས་ཀྱིན་འདུག་ཅེས་བཤད་དགོས་གྱུར།    ཡིན་ན་ཡང་། ཁོ་སྲིད་སྟེགས་ནས་མ་བབས་སྔོན་ཨ་རིའི་དཔལ་འབྱོར་བསྐྱར་གསོ་ཡག་པོ་ཐུབ་ཅིང་། ཏག་ཏག་དུས་ཚོད་དེར46རྗོ་བྷ་ཀྲན་སྲིད་སྟེགས་སུ་བསླེབས། སྲིད་འཛིན་བྷ་ཀྲན་གྱི་ལས་འགན་གཙོ་བོ་གཉིས་ནི་ཨ་རིའི་དཔལ་འབྱོར་མུ་མཐུད་བསྐྱར་གསོ་ཐུབ་རྒྱུ་དང་། ཏོག་ནད་ཀྱིས་ཤུགས་རྐྱེན་ཐེབས་ཟིན་པའི་ཁེ་གཉེར་དང་མི་སྒེར་སོགས་ལ་རོགས་བྱ་རྒྱུ་དེ་རེད། ལས་དོན་འདི་གཉིས་ཀྱི་ཆེད། ཕྱི་ལོ་ 2021 ཟླ་ 3 ནང་བྷ་ཀྲན་སྲིད་གཞུང་ལ་ཨ་སྒོར་ཁྲག་ཁྲིག་ཆེན་མོ་ $1.9 གཏོང་རྒྱུར་གྲོས་ཚོགས་ཀྱི་ཆོག་མཆན་ཐོབ། ལོ་དེའི་མཇུག་ཏུ་སླར་ཡང་འཕྲོད་བསྟེན་དང་། གཞུང་ལམ། ནུས་པ་གཙང་མའི་ཐོན་ཁུངས་སོགས་འཛུགས་སྐྲུན་ཆེད་ཨ་སྒོར་ཁྲག་ཁྲིག་ཆེན་པོ་ $1 གི་ཆོག་མཆན་ཐོབ།
    དངུལ་སྒོར་ཕོན་ཆེན་འདི་གཉིས་ནི་ཏོག་ནད་རྗེས་སུ་ཨ་རིའི་དཔལ་འབྱོར་བསྐྱར་གསོ་ཐུབ་པར་སྒུལ་ཤུགས་ཆེན་པོ་ཞིག་ཏུ་གྱུར་ནའང་། དེ་དང་ལྷན་ཨ་རིའི་གཞུང་གི་བུ་ལོན་གྱི་ཚད་ཤུགས་ཆེན་འཕར་དུ་བཅུག་ཅིང་། ལྷག་པར་དངུལ་སྒོར་མང་པོ་ཁྲོམ་རར་བཀྲམས་ཀྱང་། རྒྱལ་སྤྱིའི་དངོས་ཟོག་སྐྱེལ་འདྲེན་གྱི་ལམ་ཀ་དག་བསྐྱར་གསོ་མ་ཐུབ་པའི་མཚམས་སུ་ཡོད་པས།
    ཨ་རིའི་རྒྱལ་ནང་དུ་ཡུལ་ཐང་ཤུགས་ཆེན་འཕར་(དངུལ་སྒོར་གྱི་རིན་ཐང་ཉམ་པ།)ཅིང་། ཚོང་ཟོག་དང་ཁང་པ་སོགས་ཀྱི་རིན་གོང་ཡང་ཤུགས་ཆེན་འཕར། ཡིན་ན་ཡང་། ཕྱི་ལོ་ 2020 ལོ་སྟེ་ཏོག་ནད་ངན་སྒང་ལ་ཨ་རིའི་ཐོན་སྐྱེད་རིན་ཐང་ཕྱོགས་བསྡོམས་བརྒྱ་ཆ་ 3.4 ཉམ་རྒུད་ཕྱིན་ཟིན་ནའང་། ཕྱི་ལོ་ 2021 ལོ་སྟེ་བྷ་ཀྲན་གྱིས་སྲིད་དབང་བཟུང་རྗེས་བརྒྱ་ཆ་ 5.7% ཡར་འཕར་བས་ཨ་རིའི་དཔལ་འབྱོར་ཏོག་ནད་ཀྱི་གྲིབ་གཟུགས་འོག་ནས་ཐར་དུ་འཇུག་རྒྱུར་རྟགས་བཟང་པོ་ཞིག་བསྟན།
   དུས་དེ་ནས་བཟུང་བཟོ་ལས་ཅན་གྱི་ཡུ་རོབ་རྒྱལ་ཁབ་དག་དང་རྒྱ་ནག་སོགས་ལ་བསྡུར་ན། ཏོག་ནད་རྗེས་ཨ་རིའི་དཔལ་འབྱོར་བསྐྱར་གསོ་བརྟན་པོ་ཐུབ་ཅིང་། དེས་རྒྱལ་སྤྱིའི་དཔལ་འབྱོར་སྤྱི་བསྐྱར་གསོ་དང་ཡར་རྒྱས་འགྲོ་རྒྱུར་ཕན། དེ་བཞིན་ཕྱི་ལོ་ 2022 ཟླ་ 8 ནང་བཟོས་པའི་ཁྲིམས་ཡུལ་ཐང་ཉུང་འཕྲི་(Inflation Reduction Act) དང་། འཕྲུལ་ལག་དང་ཚན་རིག་གི་ཁྲིམས་(CHIPS and Science Act) སོགས་བརྒྱུད། ཁོར་ཡུག་དང་ཚན་རིག དཔལ་འབྱོར་ཡར་རྒྱས་ལ་སྨན་པའི་ལས་གཞི་མང་པོ་འགོ་བརྩམས་ཟིན་ནའང་།

  བྷ་ཀྲན་རང་གིས་བཤད་པ་ལྟར། ལས་གཞི་འདི་དག་གི་འབྲས་བུ་མགྱོགས་པོར་ཐོན་རྒྱུ་མིན་པར། སྒྲོ་ནལ་ཁྲི་རམ་ཕུས་ཕྱིར་མ་འཐེན་ཚེ་འབྱུང་འགྱུར་ག་ལེར་སྨིན་རྒྱུ།
ཇི་ལྟར་ཡང་། གོང་དུ་ཞུས་ཟིན་པ་ལྟར་གཞུང་གི་བུ་ལོན་དང་ཡུལ་ཐང་འཕར་བ་གཉིས་ནི། ཕྱི་ལོ་ 2024 ལོར་བསྐྱར་དུ་ལངས་འདོད་པའི་སྒྲོ་ནལ་ཁྲི་རམ་ཕུའི་ཕྱོགས་ནས་ལག་ཆར་བེད་སྤྱོད་བྱས་ཤིང་། དཔལ་འབྱོར་གྱི་ཆ་ནས་བྷ་ཀྲན་སྲིད་གཞུང་གིས་ཨ་རི་བ་རྣམས་ཕལ་ཆེར་དབུགས་སུབ་ནས་གསོད་ཀྱིན་པ་ལྟ་བུ་ཞིག་ཏུ་བསྒྲགས། སྲིད་བྱུས་ཀྱི་ཆ་ལའང་ནོར་འཁྲུལ་ཡོད་པ་སྲིད་ཀྱང་། དོན་ལ་ཏོག་ནད་དང་དེའི་མཇུག་མ་བསྡུས་སྔོན་འགོ་བཙུག་ཟིན་པའི་ཨུ་ཡུག་དམག་འཁྲུག་སོགས། ནང་རྐྱེན་ལས་ཕྱི་རྐྱེན་མང་བ་དང་། དེ་རིང་དོན་དངོས་སུ་སྲིད་འཛིན་བྷ་ཀྲན་གྱིས་སྒྲོ་ནལ་ཁྲི་རམ་ཕུའི་ལག་པར་དཔལ་འབྱོར་གྱི་གནས་སྟངས་ཡག་པོ་ཞིག་རྩིས་སྤྲད་ཐུབ་ཡོད་པ་ཆེད་མཁས་པ་ཚོས་འདོད། 


སྲིད་འཛིན་བྷ་ཀྲན་སྐབས་ཀྱི་ཕྱི་སྲིད་སྐོར།

    སྤྱིའི་ཆ་ནས་བྷ་ཀྲན་གྱི་དུས་ཡུན་རིང་། ཏོག་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་གཞན་དང་བསྡུར་ན། ཨ་རིའི་དཔལ་འབྱོར་གྱི་གནས་སྟངས་ཧ་ཅང་ཡག་པོ་ཡིན་ནའང་། སྲིད་འཛིན་བྷ་ཀྲན་གྱི་ལེགས་འགྲུབ་དེ་ཕྱི་སྲིད་ཁྲོད་བྱུང་བའི་ཕམ་ཁས་ཕྱེད་ཀ་བསྒྲིབས་ཟིན་པས། མི་ཞིག་ལ་ར་སྤྲད་ནའང་འཕྲོད་དཀའ་བའི་ཚད་འདིར་ལྷུང་། ཕྱི་སྲིད་ཁྲོད་ཀྱི་ཁོའི་ཕམ་ཁ་དེ། ཕྱི་ལོ་ 2021 ལོར་ཨ་ཧྥི་གྷན་ནས་ཨ་རིའི་དམག་དཔུང་ཕྱིར་འཐེན་པའི་སྐབས་ནས་འགོ་བཟུང་། སྤྱིར་ཨ་ཧྥི་གྷན་ནས་ཨ་རིའི་དམག་དཔུང་ཕྱིར་འཐེན་རྒྱུའི་གྲོས་མཐུན་འདི་ཐོག་མར། ཕྱི་ལོ་ 2020 ཟླ་ 2 ཚེས་ 29 ཉིན་སྒྲོ་ནལ་ཁྲི་རམ་ཕུ་སྲིད་གཞུང་དང་ཨ་ཧྥི་གྷན་གྱི་ཏ་ལི་བྷན་ཚོགས་པ་གཉིས་བར་བཞག དེར་བརྟེན་བྷ་ཀྲན་སྲིད་གཞུང་གིས་ལས་ཀ་འདིའི་མཇུག་བསྐྱངས་པ་ཙམ་ཞིག་རེད།

   ཡིན་ན་ཡང་། དམག་དཔུང་ཕྱིར་འཐེན་སྐབས་གོ་སྒྲིག་ཡག་པོ་མ་བྱུང་རྐྱེན། ཨ་རིའི་དམག་མི་དང་ཨ་ཧྥི་གྷན་གྱི་མི་སེར་ཚོའི་ཚེ་སྲོག་ཤོར་བ་མ་ཟད། ཨ་རིའི་གོ་ལག་ལྗིད་པོ་མང་པོ་ཤུལ་དུ་བཞག་པ་ཉིན་འགའི་རྗེས་སུ་ཏ་ལི་བྷན་གྱི་ལག་ཏུ་ཤོར་བ་སོགས། ཕྱི་ནང་གང་ནས་བལྟས་ཀྱང་ཧ་ཅང་ཞན་ཆ་དང་འཐུས་ཤོར་ཆེན་པོ་ཞིག་ཏུ་གྱུར་བས།ཕྱི་ནང་གི་དགྲ་བོ་དང་ཁ་གཏད་དག་གི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར། 

     ཟླ་བ་འགའི་རྗེས་ཏེ་ཕྱི་ལོ་ 2022 ཟླ་2ནང་ཕུ་ཀྲན་གྱིས་ཡུག་རེན་ལ་བཙན་འཛུལ་བྱས་ཤིང་། ཕུ་ཀྲན་གྱིས་གདོང་ནག་པོ་དང་ཅོག་ཙེ་ཞིག་གི་སྣེ་ལ་ལག་པས་དམ་པོར་འཇུས་ནས། སུ་ཞིག་གིས་ང་ཚོའི་དམིགས་བསལ་དམག་དོན་བྱ་འགུལ་ལ་བར་ཆད་བྱ་ཚེ། དེའི་འབྲས་བུ་སེམས་ལ་དྲན་མི་ཤེས་པ་ཞིག་འབྱུང་རྒྱུ་ཡིན་ཚུལ་བཤད།     སྲིད་འཛིན་བྷ་ཀྲན་གྱིས་དེ་མ་ཐག་སྐད་ཆ་གལ་ཆེན་གསུམ་བཤད། དང་པོ། ཨུ་རུ་སུའི་དམག་བྱང་ཆིངས་ཀྱི་རྒྱལ་ཁབ་དག་གི་ཁོངས་སུ་སོར་གང་འཛུལ་ཚེ་ཨ་རིས་ལན་བསློག་རྒྱུ་ཡིན་པ། གཉིས་པ། ཨ་རིས་མཐུན་ཕྱོགས་རྒྱལ་ཁབ་ཚོ་དང་གྲོས་བསྡུར་གྱིས་ཨུ་རུ་སུར་དཔལ་འབྱོར་གྱི་ཉེས་ཆད་གཅད་རྒྱུ། གསུམ་པ། ཨ་རི་དང་བྱང་ཆིངས་ཀྱི་དམག་དཔུང་ཡུག་རེན་ལ་དངོས་སུ་གཏོང་རྒྱུ་མིན་པ་བཤད། སྡུག་ཕྱོགས་ནས་སྐད་ཆ་འདི་གསུམ་ནི་ཕུ་ཀྲན་ལ་སྔར་ལས་བློ་སྤོབ་སྩོལ་བྱེད་ཅིག་ཏུ་གྱུར། ཕུ་ཀྲན་ལ་ད་ལྟ་བྱང་ཆིངས་ཀྱི་མངའ་ཁོངས་སུ་འཛུལ་དགོས་དོན་མེད་པའི་སྟེང་། དཔལ་འབྱོར་ཉེས་ཆད་ཟེར་བར་་ཕུ་ཀྲན་གྱིས་སྔར་ནས་སྔོན་དཔག་ཐུབ་ཡོད་པ་མ་ཟད་དེར་གྲ་སྒྲིག་ཀྱང་བྱས་ཟིན།
    དེའི་སྟེང་བྱང་ཆིངས་ཀྱི་དམག་དཔུང་ཡུག་རེན་ལ་གཏོང་རྒྱུ་མིན་པ་ཁ་གསལ་ནས་བཤད་པ་ནི། དམག་དོན་དབྱེ་ཞིབ་པ་མང་པོས་ནོར་འཁྲུལ་ཆེན་པོ་ཞིག་ཏུ་འདོད་ལ། སྒྲོ་ནལ་ཁྲི་རམ་ཕུས་ཀྱང་། དེ་ནི་ཁ་གསལ་ནས་བཤད་དགོས་པ་ཞིག་རེད་ལ། དེ་ལྟར་བཤད་པ་ནི་བླུན་པོའི་ངང་ཚུལ་ཡིན་པ་བཤད།
    བྷ་ཀྲན་གྱིས་མཐུན་ཕྱོགས་ཚོའི་འགོ་འཁྲིད་ནས་ཡུག་རེན་ལ་གོ་ལག་གི་རྒྱབ་སྐྱོར་ཆེན་པོ་བྱས་ཟིན་ནའང་། ཡུག་རེན་དང་དབྱེ་ཞིབ་པ་མང་པོས་བྷ་ཀྲན་སྲིད་གཞུང་གིས། ཡུག་རེན་ལ་ཨུ་དམག་འགོག་རྒྱུའི་གོ་ལག་སྤྲོད་ཀྱིན་པ་ལས། ཨུ་དམག་ཕམ་རྒྱུའི་གོ་ལག་སྤྲོད་ཀྱིན་མི་འདུག་ཅེས་ཀྱང་ཤོད་ཀྱིན་ཡོད་ལ།  འདི་ནི་ཕུ་ཀྲན་ལ་ཕམ་ཁ་ཉོ་རུ་བཅུག་ཚེ་ཁོས་ཅི་ཞིག་ཡིན་ནའང་བྱ་སྲིད་(རྡུལ་མཚོན་སྤྱོད་)པར་འདོད་མཁན་བྷ་ཀྲན་སྲིད་གཞུང་དང་། ཧྥ་རན་སི་སོགས་ཀྱི་ཐབས་བྱུས་རེད། ཐབས་བྱུས་དེའི་མཇུག་འབྲས་སུ་ཕུ་ཀྲན་འགོག་མ་ཐུབ་པའི་སྟེང་། ཨ་རི་དང་ཡུ་རོབ་ཏུ་རྙིང་ཞེན་ཤོག་ཁག་གི་མགོ་འགྱོགས་སུ་བཅུག་ཅིང་། དེ་ལ་བརྟེན་ནས་དམག་འཁྲུག་འགོ་འཛུགས་དུས་ཡུག་རེན་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་ན་ཡང་ཕྱིས་སུ་ཡུག་རེན་ལ་གོ་ལག་སྤྲད་རྒྱུར་དགག་པ་རྒྱག་མཁན་དུ་གྱུར། 

     དེའང་གློ་བུར་ཐག་གཅོད་མི་ཐུབ་པའི་བྷ་ཀྲན་སྲིད་གཞུང་རང་གི་སྲིད་བྱུས་མང་པོ་དང་ཐད་ཀར་འབྲེལ་   མེད་པ་བཤད་མི་ཐུབ། བྷ་ཀྲན་གྱི་ཕྱི་སྲིད་ཁྲོད་ཀྱི་ཕམ་ཁ་གཞན་ཞིག་ནི། ཨེ་ཟི་རེལ་དང་ཧཱ་མ་སི་དྲག་དཔུང་བར་གྱི་དམག་འཁྲུག་རེད། གྷ་ཛ་ས་ཁུལ་དུ་མི་སེར་གྱི་ཤི་རྨས་གྲངས་ཡར་འཕར་བ་དང་ལྷན། བྷ་ཀྲན་སྲིད་གཞུང་གི་དབང་ཆའི་ལྟེ་བ་གྱུར་ཡོད་པ། ཨ་རིའི་རྒྱལ་ནང་གི་གུ་ཡངས་རིང་ལུགས་པ་ཚོ་དང་། ཁ་ཆེ་སོགས་ཀྱིས་ངོ་རྒོལ་ཆེན་པོ་འགོ་བཙུག འདི་ལྟར་དེ་ཨེ་ཟི་རེལ་ལ་རྒྱབ་སྐྱོར་བྱ་རྒྱུ་དེ་ཨ་རིའི་གཞུང་གང་ཞིག་ཡིན་ཡང་གཡོལ་ཐབས་མེད་པའི་ལས་འགན་ཞིག་ཡིན་ལ། དེ་ནི་དཀྱིལ་ཤར་གྱི་ཨ་རིའི་ཁེ་ཕན་དང་། ཨ་རི་དང་ཨེ་ཟི་རེལ་བར་གྱི་དམིགས་བསལ་འབྲེལ་བ། ཨ་རིའི་རྒྱལ་ནང་གི་ཡེ་ཤུ་པ་(Evangelists)། དེའི་སྟེང་རྒྱུ་སྟོབས་ཆེ་བའི་རྗེའུ་མི་རིགས་ཀྱི་ནུས་པ་སོགས་རྒྱུ་རྐྱེན་མང་པོ་དང་འབྲེལ། དེར་བརྟེན་བྷ་ཀྲན་སྲིད་གཞུང་གིས་ཅི་ཞིག་བྱས་ཀྱང་མི་འགྲིག་པ་ལྟ་བུ་ཞིག་ཏུ་གྱུར་བའི་དམག་འཁྲུག་འདི་ནི། ཐེངས་འདིར་མང་གཙོ་ཚོགས་པར་འོས་བསྡུའི་ཁྲོད་ཕམ་ཁ་བྱུང་བའི་རྒྱུ་རྐྱེན་ཆེན་པོ་ཞིག་ཏུ་གྱུར།

 

阳光之卫
སློབ་གསོ། གསར་འགྱུར། དཔེ་ཀློག གླུ་གཞས་སོགས་འཕྲིན་སྟེགས་འདི་ལས་གཟིགས་ཐུབ།
 最新文章