ཡུག་རེན་གྱིས་ཨུ་རུ་སུའི་རྒྱལ་ནང་ལ་གཏོར་རྒོལ་ཚབས་ཆེན་བྱས་པ།
མདང་དགོང་ཡུག་རེན་དམག་གིས། ཨུ་རུ་སུའི་རྒྱལ་ནང་ལ་འཕུར་མདའ་དང་སྒྲི་རོན་གྱིས་གཏོར་རྒོལ་དྲག་པོའི་ཁྲོད། རྒྱལ་སའི་ལྷོ་ཕྱོགས་ཀྱི་རེ་ཛན་མང་སྡེའི་(Ryazan) རྡོ་སྣུམ་བཙོ་སྦྱང་བཟོ་གྲྭ་ཞིག་ལ་གཏོར་རྒོལ་ཆེན་པོ་ཐེབས་ཤིང་མེ་འབར་བཞིན་པའི་བརྙན་པར་ཕྱིར་ཐོན། འདི་ནི་ཨུ་རུ་སུའི་རྡོ་སྣུམ་བཟོ་གྲྭ་ཆེ་ཤོས་ཤིག་ཡིན་པ་བཤད། དེ་བཞིན་ས་ཁུལ་དེའི་གློག་ཁང་ཞིག་ལའང་གཏོར་རྒོལ་ཐེབས། རྡོ་སྣུམ་བཟོ་གྲྭའི་མེ་མུ་མཐུད་འབར་བཞིན་པ་གསལ། རྡོ་སྣུམ་བཟོ་གྲྭ་འདི་ནི་དམག་དོན་ཁྲོད་གལ་ཆེན་ཞིག་ཡིན་པ་བཤད།
ཡུག་རེན་དམག་གིས། ཨུ་རུ་སུའི་བྷིར་ཡན་སི་ཀི་མངའ་སྡེར་ཡོད་པའི་འཕྲུལ་ལག་བཟོ་གྲྭ་ཆེན་པོ་(Kremniy El)ལ་གཏོར་རྒོལ་བྱས
གཏོར་རྒོལ་འདིའི་རྗེས་བཟོ་གྲྭ་འདིར་ལས་མཚམས་བཞག་ཟིན་པ། མོ་སི་ཁོའི་དུས་བབ་དང་ཏཱ་སི་གསར་ཁང་སོགས་ཀྱིས་གནས་ཚུལ་བཀོད། ཤེས་གསལ་ལྟར་ན། བཟོ་གྲྭ་འདིར་ ཨུ་རུ་སུའི་དམག་ལ་དགོས་པའི་མཚོན་ཆ་སོགས་འདྲ་མིན་བཟོ་བཞིན་པ་གསལ།
ཐེངས་འདིར་ཨུ་རུ་སུའི་རྒྱལ་ནང་ལ་གཏོར་རྒོལ་ཁྲོད་གས་འཐོར་ཆེན་པོ་ཐེངས་50ལས་བརྒལ་བ་བྱུང་ཟིན་པའི་གནས་ཚུལ་ཐོན་ཅིང་། ཨུ་རུ་སུའི་བདེ་སྲུང་གིས། བྷིར་ཡན་སི་ཀི་མངའ་སྡེའི་མཁའ་དབྱིངས་ནས་སྒྲི་རོན་37དང་། རེ་ཛན་མངའ་སྡེའི་མཁའ་དབྱིངས་ནས་སྒྲི་རོན་ 20 རོ་སི་ཏོ་ཝི་མངའ་སྡེ་དང་ཁར་སི་ཀི་མངའ་སྡེའི་མཁའ་དབྱིངས་ནས་སྒྲི་རོན་ 17 བཅས་ཁྱོན་ཐེངས་འདིར་ཡུ་དམག་གི་སྒྲི་རོན་ 121 བཀག་ཟིན་པ་བཤད། ཉེ་དུས་ནས་ཡུག་རེན་དམག་གིས་ཨུ་རུ་སུའི་རྒྱལ་ནང་ལ་གཏོར་རྒོལ་ཚད་ཧ་ཅང་ཤུགས་ཆེ་རུ་བཏང་ཞིང་། མདང་དགོང་དང་དེ་རིང་ཞོགས་པའི་གཏོར་རྒོལ་འདི་ནི་གཞི་རྒྱ་ཆེ་ཤོས་ཤིག་ཏུ་གྱུར།