༸ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་མཆོག་དང་སྐྱབས་རྗེ་རྡོ་གྲུབ་རིན་པོ་ཆེ་རྣམ་གཉིས་ཁྲིན་ཏུའུ་རུ་མཇལ་འཛོམས་བྱུང་བ།
སྐྱེས་བུ་དམ་པ།
རྩོམ་པ་པོ། མཁན་ཆེན་བསོད་དར་རྒྱས།
སྒྱུར་པ་པོ། རིག་གྲོལ།
བླ་མ་ཡིད་བཞིན་ནོར་བུ་ཆོས་རྗེ་འཇིགས་མེད་ཕུན་ཚོགས་མཆོག་ཁྲིན་ཏུའུ་༣༦༣སྨན་ཁང་། ནང་ནད་ཚན་ཁག་གི་མལ་ཁྲི་ཨང་༡༣པར་བཞུགས་ནས་ཟླ་གཅིག་ལྷག་ཙམ་སོང་། དེ་རིང་འབྲས་ལྗོངས་ནས་ཕེབས་པའི་རྡོ་གྲུབ་ཆེན་རིན་པོ་ཆེ་བླ་མ་ཚང་ལ་ཁམས་འདྲིར་ཕེབས།
རྡོ་གྲུབ་རིན་པོ་ཆེ་མ་བྱོན་སྔོན་ལ། བླ་མས་ངེས་པར་དུ་ངེས་པར་རིན་པོ་ཆེ་ལ་བཞུགས་ཁྲི་ཞིག་གྲ་སྒྲིག་གྱིས་ཞེས་ལྗགས་བཀོད་གནང་།
གློ་བུར་དུ་དགུང་གྲངས་བརྒྱད་ཅུ་ལྷག་ལ་ཕེབས་པའི་རིན་པོ་ཆེ་གོམས་སྟབས་འཁྱར་འཁྱོར་ངང་། ཞབས་ཕྱི་པ་གཅིག་དང་ལྷན་དུ་ཕེབས་བྱུང་། ཁོང་གྲ་སྒྲིག་བྱས་ཡོད་པའི་བཞུགས་ཁྲི་དེར་མ་བཞུགས་པར། ཞབས་སྟེགས་ཆུང་ངུ་ཞིག་ཏུ་བཞུགས་ནས། བླ་མ་དང་མཉམ་དུ་ནང་ཚགས་ཀྱི་གསུང་གླེང་མཛད། རིན་པོ་ཆེ་ཁོང་གིས་ཐོག་མར་བླ་མ་ལ་ཞབས་པད་བརྟན་བཞུགས་ཕུལ་ཞིང་། དེ་ནས་རྒྱ་གར་དང་། ཀྲུང་གོའི་ནང་བསྟན་འཕེལ་རྒྱས་ཀྱི་གནས་ཚུལ་སྐོར་བཀའ་མོལ་མཛད། གཞན་ཡང་ཕྱོགས་དུ་མ་ནས་གསུང་གླེང་གི་བརྗོད་བྱ་སྣ་ཚོགས་པ་ཐུགས་ངལ་མི་གནང་བར་དགྱེས་བཞིན་དུ་མཛད།
བླ་མས་རིན་པོ་ཆེ་ལ་བཀའ་འདྲི་གནང་དོན། ཁྱེད་ཕྱི་རྒྱལ་ནས་ཕེབས་སྐབས་གྲྭ་འཁོར་ཅི་ཙམ་ཁྲིད་ཡོད། ཞུས་པར། རིན་པོ་ཆེས་གསུང་ལན་བསྐྱོན་པར། མི་གཅིག་ཀྱང་ཁྲིད་མེད། ང་གཅིག་པུར་ཡོང་བ་ཡིན། གསུངས། ཡང་། དེ་འདྲ་སྟབས་བདེ་བ་ལ། དེ་ན་ལམ་བར་ནས་ཁྱེད་ལ་སུས་ཞབས་ཕྱི་སུས་ཞུས་པ་རེད། ཞུས་པར། འགྲོ་ཁར་མི་རེས་སྐྱེལ་མ་བྱེད་འཇོག་པ་རེད། ཐོན་ཁར་མི་རེ་བསུ་མར་ཡོང་བ་རེད། མི་མང་ན་དཀའ་ལས་ཆེན་པོ་རེད། ང་ལོ་མཐོན་པོ་རེད་མ་དགོངས་དང་། རང་གིས་རང་ལ་བདག་སྐྱོང་ཐུབ་པ་ཡོད། ཅེས་གསུངས།
བོད་ཁམས་ན་གཙུག་ཏུ་བཀུར་བའི་བླ་ཆེན་ཁོང་མཇལ་བའི་ཚེ། དེ་ལྟར་རྒྱས་ཤོམ་མེད་ཅིང་། དཔང་ཡིག་གང་ཡང་མེད་ལ། ཞབས་གཡོག་དང་སྐུ་འཁོར་སྤངས་ནས་སྤྲིན་པ་བཞིན་གྲུབ་ཆེན་ཞེས་པའི་ཁྱད་ཆོས་མངོན་པར་གསལ་བར་བྱེད།
སྐྱེས་ཆེན་དམ་པ་ཁོང་རྣམ་གཉིས་ཀྱིས་ཐུགས་ཡིད་གཅིག་འདྲེས་དང་། སྐུ་ཡོན་འཚོ་གཞེས་ཀྱི་ཐུགས་སྨོན་གནང་། ཞལ་གྱེས་ཁར། རིན་པོ་ཆེས་ང་ཚོ་རེ་རེ་བཞིན་བྱིན་རླབས་གནང་། དེ་ནས་ངས་ཕྱག་རོགས་ཞུས་ནས་ཧྲུའུ་ཏུའུ་མཁར་ཆེན་མགྲོན་ཁང་གི་བརྩེགས་༢༦པའི་བཞུགས་ཤག་ཏུ་ཕེབས། དེར་ས་གནས་མང་པོ་ནས་ཕེབས་པའི་མཇལ་བ་མང་པོ་ཞིག་གིས་ཕེབས་སྒུག་བྱས་འདུག
ང་སླར་ལོག་གྲབས་ཡོད་སྐབས། ཁོང་ཡུད་ཙམ་ཐུགས་དམ་ལ་བཞུགས་པ་དང་ལྷན་ང་ལ་བཀའ་མངག་གནང་དོན། བླ་མའི་ཞབས་བརྟན་དང་སློབ་ཚོགས་ཡོངས་ཀྱི་སྐུ་རིམ་དུ། གནས་བསྟན་ཕྱག་མཆོད་ཁྲི། སེང་གདོང་མའི་བསྙེན་པ་དུང་གཅིག །དྲི་མེད་བཤགས་རྒྱུད་འབུམ་གཅིག་བཅས་ཐོན་ཅིག །གསུངས། ངས་ཁོང་གི་གསུང་རྣམས་ནན་ནན་ཏིག་ཏིག་གིས་ཞེ་ལ་བཟུང་ཞིང་། གྲོགས་མཆེད་རྣམས་མཉམ་དུ་བརྩོན་པ་བྱས་ནས་བླ་མ་དང་སྐྱེས་བུ་དམ་པ་རྣམས་ཞབས་པད་བརྟན་ཞིང་། འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བའི་ཐུགས་སྨོན་གཟབ་རྒྱས་གནང་བའི་རེ་སྨོན་བྱས།
ཆུ་རྟ་ལོའི་ཟླ་བ་ལྔ་པའི་ཚེས་གཉིས་ཉིན།
2002.6.12
མཁན་པོ་བསོད་དར་རྒྱས་ཀྱི་ཕྱག་དེབ་བགྲོད་ལམ་གྱི་རྐང་རྗེས་«旅途脚印»(2)ལས་ཁོལ་དུ་ཕྱུངས་པའི་གསུང་ཚན་འདིའི་མ་ཡིག་པར་དུ་བཏབ་ནས་ང་ལ་བསྐུར་ཏེ། འདི་བོད་ཡིག་ཏུ་སྒྱུར་རོགས་ཞེས་ནང་གྲོགས་ཤིག་གིས་བསྐུལ་བ་ལྟར་འབྲུ་དེད་ཀྱིས་སྒྱུར་བ་པོ་ནི། རིག་གྲོལ་ལོ།།
རྩོམ་པ་པོ། མཁན་ཆེན་བསོད་དར་རྒྱས།
ནང་ཆོས་ལ་དད་མོས་ལྡན་པའི་མི་ནི་ཤི་ཡང་སྐྱིད་ལ་གསོན་ཡང་སྐྱིད་པས་བདེ་སྡུག་ཡོད་ཚད་ལམ་དུ་འཁྱེར་ནུས། ༡༩༧༦ལོར། ཨ་རིའི་བུད་མེད་ཅིག་རྡོ་གྲུབ་སྐུ་ཕྲེང་བཞི་པ་མཇལ་དུ་ནེའུ་ཡོག་གྲོང་ཁྱེར་ལ་སོང་།
མོ་དང་ཐོག་ནང་ཆོས་ལ་དགའ་བ་ཅི་ཡང་མེད་ཅིང་ནད་ཚབས་ཆེན་ཞིག་ཕོག་པའི་རྐྱེན་གྱིས་རེ་བ་ཐམས་ཅད་སྟོང་ཟད་དུ་གྱུར་པས་བོད་ཀྱི་བླ་མ་འདི་ལ་སྐྱོབ་པའི་ཐབས་ཡོད་མེད་ལྟ་རུ་སོང་བ་རེད།
མོ་གཟིམ་ཁང་ནང་དུ་སོང་ནས་རྡོ་གྲུབ་ཆེན་གྱི་བྱམས་བརྩེ་ལྡན་ཞིང་སྙིང་ཉེ་བའི་རྣམ་པ་མཇལ་སྐབས་མིག་ཆུ་རང་དབང་མེད་པར་ཤོར་ཞིང་མགྲིན་པ་ཕྱེས་ནས་ང་རང་ཟླ་བ་ཁ་ཤས་ཙམ་ལས་འཚོ་མི་ནུས། ཁྱེད་ཀྱིས་ང་སྐྱོབ་ནུས་སམ་སམ། ང་རང་མྱུར་དུ་འཆི་ལ་ཉེ་བཞིན་ཡོད་ཅེས་ཞུས།
དེའི་ཚེ་རྡོ་གྲུབ་ཆེན་གྱི་བྱམས་པ་ཆེན་པོས་འཛུམ་ཕྱུང་ནས་ལྷོད་བབ་ཀྱིས་དུས་ཀྱི་སྔ་འཕྱི་ཙམ་ལས་ཁྱོད་མ་ཟད་ང་ཚོ་ཚང་མས་འཆི་བ་ལ་སྒུག་བཞིན་ཡོད་ཅེས། གསུངས།
གྲུབ་ཆེན་གྱི་གསུང་དེ་ཐོས་པ་ན། མོའི་དོགས་འཚེར་ཐོལ་གྱིས་ཡལ་ནས་རང་ཉིད་ནད་ལས་ཐར་བའི་རེ་བ་ཡོད་པ་རེད་བསམས། དེ་ནས་མོ་རང་ནང་པའི་ཆོས་སྒོར་ཞུགས་ཏེ་གྲུབ་ཆེན་རིན་པོ་ཆེའི་མདུན་ནས་འཆི་བ་ལ་གདོང་ལེན་བྱེད་པའི་མན་ངག་བསླབས།
མཇུག་མཐར་མོས་བློ་སེམས་ཡོད་ཚད་ཧྲིལ་གྱིས་བསྒྲིམས་ནས་ཉམས་ལེན་གནད་དུ་སྨིན་པ་བྱས་ཤིང་ནད་ཀྱང་ཡ་མཚར་བའི་ངང་ནས་སངས་དྲག་ཏུ་སོང་ངོ་།།
དེའི་ཕྱིར། ནད་ངན་གྱིས་བཟུང་བའི་ནད་པ་འགའ་ཞིག་སྨན་པས་འཆི་ངེས་རེད་ཅེས་ཐག་བཅད་ཀྱང་ནང་ཆོས་ཀྱི་བསྒོམ་གྱི་མན་ངག་འགའ་ཞིག་ལ་བསླབས་ན་ཟློས་གར་རང་བཞིན་ཅན་གྱི་སྨན་བཅོས་ཀྱི་ནུས་པ་ཡང་ཐོན་སྲིད།
མཁན་ཆེན་བསོད་དར་རྒྱས་ཀྱི་གསུང་རྩོམ་《做才是得到》བོད་འགྱུར་མ་“བསྒྲུབས་ན་འགྲུབ་”ཞེས་པ་ལས་དྲངས།
དད་མོས་དང་རྨོངས་དད་ཀྱི་ཁྱད་པར།
དད་མོས་ལ་རིགས་མང་ཡང་ང་རང་ནང་པ་ཞིག་ཡིན་པའི་ཆ་ནས། དེ་རིང་གཙོ་བོ་ཆོས་ལུགས་ཀྱི་དད་མོས་དེ་བཤད་རྒྱུ་ཡིན། དེང་སྐབས་འཛམ་གླིང་འདིར་ཆོས་ལུགས་སྣ་ཚོགས་ཡོད་ཀྱང༌། ཆོས་ལུགས་སོ་སོ་ལ་བསྟན་དོན་ཡང་མི་འདྲ་བ་རེ་ཡོད། ཆོས་ལུགས་གང་ཞིག་ལ་དད་མོས་ཡོད་ན་དེ་ལ་རྗེས་དཔག་གི་ཤེས་རབ་རེ་དགོས་པ་རེད། དེང་སང་མི་རྣམས་ཀྱི་དད་མོས་དེ་རྨོངས་དད་ཀྱི་རྗེས་སུ་སོང་ནས། ཁོ་ཚོ་དགོན་པ་ཞིག་ཏུ་སླེབས་པའམ། བླ་མ་ཞིག་དང་མཇལ་བའམ། ཡང་ན་དགེ་འདུན་པའི་འདུས་སྡེ་ཞིག་དང་འཕྲད་དུས་སེམས་ལ་ལྷིང་འཇགས་དང་དགའ་བདེ་ཐོབ་པ་དེ། རང་གི་དད་མོས་ལ་ངོས་འཛིན་གྱིན་ཡོད། དད་མོས་འདིའི་རིགས་ནི། ཕྱི་རོལ་གྱི་རྒྱུ་རྐྱེན་སྣ་ཚོགས་ཀྱིས་བསྒྱུར་སླ་བས་རྗེས་དཔག་གི་དད་མོས་མིན།
འོ་ན་དད་མོས་གང་དེ་བརྟན་པ་ཡིན་ཞེ་ན། དཔེར་ན་ཁྱོད་ཀྱིས་སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་ཡིད་ཆེས་ཡོད་པ་དེ་ལ། བློ་གྲོས་ཀྱི་རྩལ་གྱིས་བརྟག་དཔྱད་དང་གཤིབ་བསྡུར་བྱས་ནས། ཁམས་གསུམ་ན་ཆེས་རླབས་ཆེ་བ་ནི། སངས་རྒྱས་དང་དེས་བསྟན་པའི་དམ་ཆོས་ཡིན་པར་རྟོགས་པ་དེ་ཡིན། འདི་ལྟ་བུའི་ཡིད་ཆེས་ནི། ལུས་ཀྱི་རྣམ་འགྱུར་དང་ངག་གིས་བཤད་པ་ཙམ་མ་ཡིན་པར། ནང་སེམས་ཀྱི་གཏིང་རུམ་ན་ཡོད་ཅིང་། དེ་ལ་ཕྱིར་མི་ལྡོག་པའི་དད་མོས་ཟེར། འདིར་བཞུགས་ཀྱི་ཤེས་ཡོན་པ་རྣམ་པས། འདི་ལྟ་བུའི་ཡིད་ཆེས་ལ་རེ་སྙེགས་བྱེད་དགོས་པ་རེད། དེ་ལྟར་མིན་ཚེ་རང་གི་དད་མོས་དེ་བླུན་རྨོངས་ཅན་དང་རྨོངས་དད་དུ་སོང་ནས། ནམ་ཞིག་རང་ཉིད་ཀྱི་བློར་མི་འབབ་པའི་དོན་རྐྱེན་དང་འཕྲད་ཚེ་རང་གི་དད་མོས་རྟེན་ལ་དད་ལོག་སྐྱེ་སྲིད།
དེར་བརྟེན། རང་གི་རིག་པ་དང་། ཡང་དག་པའི་ལྟ་བ་ལས་བྱུང་བའི་དད་མོས་ལ་རང་ཉིད་བརྟེན་འོས་པ་ཞིག་ཡིན། ང་རང་གི་ངོས་ནས་བཤད་ན། ལོ་མང་པོ་ཞིག་ལ་ཡིག་བསྒྱུར་གྱི་ལས་ཀ་གཉེར་བ་དང་མཉམ་དུ། གཞན་ལ་ནང་ཆོས་འཆད་ཁྲིད་བྱས་པ་ཡིན། གོ་རིམ་འདིའི་ཁྲོད་ནས་ཡང་དག་པའི་ལྟ་བ་ནི་ཧ་ཅང་གཙོ་ཆེ་བ་ཤེས་བྱུང༌། དེང་དུས་ཀྱི་སྤྱི་ཚོགས་འདི་ནི་སྙན་གྲགས་དང་རྒྱུ་ནོར་རྐྱང་རྐྱང་ལ་འབད་འབུངས་བྱེད་བཞིན་ཡོད་པ་དང༌། དཔེར་ན་གྲུག་སྐར(球星)དང་གྲགས་སྐར་(明星)དག་ལ་མི་ཁྲི་སྟོང་མང་པོས་ཡིད་སྨོན་དང་འཚོལ་སྙེག་བྱས་པ་ལྟ་བུ་ཡིན། དེ་ལྟར་རེ་སྨོན་དང་འཚོལ་སྙེག་བྱེད་པའི་དམིགས་ཡུལ་ནི། རང་ཉིད་གྲགས་སྐར་དུ་འགྱུར་འདོད་པ་མིན་པར་གྲགས་སྐར་དང་མཉམ་དུ་སྐད་ཆ་རེ་གཉིས་བཤད་པ་དང༌། མཉམ་དུ་པར་རེ་ལེན་རྒྱུ་ཙམ་རེད། འདི་དག་ལ་བསམ་བློ་ཞིབ་ཏུ་བཏང་ན་དོན་སྙིང་ཅི་ཡང་མི་འདུག
ཁོ་ཚོས་ཀྱང་རྒྱུ་མཚན་མ་ཤེས་པར་ཅི་དྲན་འདི་དྲན་མེད་པར་འཚོལ་སྙེག་བྱས་པ་ཡིན་ནའང་ཐང༌། མདོར་ན་སྤྱོད་པ་འདི་རིགས་ནི་ཡང་དག་མ་ཡིན་པའི་དད་མོས་ཡིན། ཁྱོད་ཚོ་ཚང་མས་དུས་ཡུན་རིང་པོའི་ནང་དུ་རིག་ཚན་དང་དངོས་ཚན་སོགས། རིག་གཞུང་མང་པོར་ཞིབ་འཇུག་བྱས་པས་རིག་པ་རྣོ་མྱུར་ཅན་རྐྱང་རྐྱང་ཡིན་རྒྱུ་རེད། འདི་ལྟ་བུའི་ཤེས་རབ་ནི། དང་པོ་འབྲེལ་ཡོད་ཤེས་བྱ་ལ་ཉན་དགོས་པ་དང་དེ་ནས་ཤེས་རྟོགས་དང༌། བསམ་གཞིག ཞིབ་དཔྱོད་བྱས་ཚེ་མཇུག་མཐར་རང་རྒྱུད་ལ་ཤེས་རིག་གི་ཁོར་ཡུག་ལེགས་པོ་ཞིག་ཆགས་འགྲོ་བ་རེད།
དེ་ནི་ནང་བསྟན་གྱི་ཐོས་བསམ་སྒོམ་གསུམ་དང་འདྲ་མཚུངས་ཡིན། ཁྱོད་ཚོར་འདི་འདྲའི་ཤེས་རབ་བཟང་པོ་ཡོད་དུས། རང་ཉིད་ཀྱི་དད་མོས་དེ་ལ་བརྟག་དཔྱད་ལེགས་པར་བྱས་ཏེ་རྨོངས་དད་མིན་པར་ཡང་དག་པའི་ལྟ་བ་བསྐྱེད་ཐུབ་ན། ཁྱོད་རང་ཉིད་དང་སྤྱི་ཚོགས་ཀྱི་ཚོགས་པ་གང་ལ་མཚོན་ནས་བཤད་ནའང་། ཡར་རྒྱས་དང་མདུན་བསྐྱོད་ཀྱི་སྒུལ་ཤུགས་སུ་འགྱུར་ངེས།
འཆད་ཁྲིད་པ། མཁན་པོ་བསོད་ནམས་དར་རྒྱས།
དུས་ཚོད། ༢༠༡༡ ལོའི་ཟླ ༡༡ ཚེས ༧
ཁ་སང་དེ་རིང་ང་ཚོ་བོད་ཀྱི་ཤེས་ཡོན་པའི་སྡེ་ཁག་སྟེ། སློབ་གྲྭ་ཆེན་མོའི་དགེ་སློབ་སུ་ཡིན་ནའང་ཚང་མས་ངེས་པར་དུ་དོ་སྣང་བྱེད་དགོས་ས་གཙོ་བོ་ནི་ཆོས་ལུགས་དང་རིག་གནས་ཡིན་འདུག
༡. རང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱ་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་གནས་ཚུལ་ཞིག་དེང་སྐབས་ང་ཚོ་བོད་ཀྱི་རང་གི་སྐད་ཡིག་དང་རིག་གནས་དེ་ཧ་ཅང་ཉམས་རྒུད་དུ་འགྲོ་བཞིན་ཡོད། དེ་ཁྱེད་རྣམ་པ་དགེ་སློབ་ཚང་མས་ཤེས་གསལ་ལྟར་ཡིན་རྒྱུ་རེད། སྤྱིར་བོད་ཀྱི་ས་ཆ་འདིར་དེང་སང་གི་ཡུལ་བགོ་ལུགས་ཀྱི་དབང་དུ་བྱས་ན། ལྷ་ས་བོད་རིགས་རང་སྐྱོང་ལྗོངས་གཅིག་དང་། མཚོ་སྔོན་གྱི་མཚོ་ལྷོ་མཚོ་བྱང་དང་དེ་བཞིན་དུ་ཡུལ་ཤུལ་ལ་སོགས་པའི་རང་སྐྱོང་ཁུལ་དྲུག ཀན་སུའུ་ཞིང་ཆེན་གྱི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ། སི་ཁྲོན་ལ་རྔ་བ་རང་སྐྱོང་ཁུལ་དང་དཀར་མཛེས་རང་སྐྱོང་ཁུལ་གཉིས་དང་། ཡུན་ནན་གྱི་བདེ་ཆེན་རང་སྐྱོང་ཁུལ། བཅས་ཁྱོན་རང་སྐྱོང་ཁུལ་བཅུ་དང་རང་སྐྱོང་རྫོང་གཉིས་ཏེ། དཔལ་རིས་བོད་རིགས་རང་སྐྱོང་རྫོང་དང་སི་ཁྲོན་གྱི་མུ་ལིས་རང་སྐྱོང་རྫོང་བཅས། འདི་ཚང་མ་དེ་བོད་པ་ཡིན་ཟེར་གྱིན་ཡོད་ན་ཡང་། དེང་སང་ས་ཆ་དེ་དག་མང་ཆེ་བར་བོད་ཡིག་བོད་སྐད་ཀྱང་མི་ཤེས་མཁན་ཧ་ཅང་མང་པོ་ཡོད་འདུག
སྤྱིར་བཤད་ན་བོད་རིགས་རང་སྐྱོང་རྫོང་ཡིན་ནའང་འདྲ། དེ་བཞིན་རང་སྐྱོང་ཁུལ་དང་། བོད་རིགས་རང་སྐྱོང་ལྗོངས་གང་ཡིན་ཡང་། བོད་ཀྱི་སྐད་ཡིག་བེད་སྤྱོད་བྱས་ནས་བྱ་བ་གང་དང་གང་ཡིན་ཡང་། བོད་རང་གི་སྐད་ཡིག་གི་ལམ་ནས་བསྒྲུབ་དགོས་རྒྱུའི་གནས་བབས་དེ་འདྲ་ཡོད་ན་ཡང་། དེང་སྐབས་དེ་ལྟ་བུའི་ལྗོངས་གཅིག་དང་། རང་སྐྱོང་ཁུལ་བཅུ་རང་སྐྱོང་རྫོང་གཉིས་གཙོས་ས་ཆ་སོ་སོ་ན་ཡོད་པའི་སྲིད་གཞུང་གི་མི་ཐམས་ཅད་དང་དགེ་རྒན་དེ་བཞིན་དུ་ལས་སྣེ་བའི་མི་སུ་དང་སུ་ཡིན་ནའང་ང་ཚོའི་རང་གི་ཕ་མེས་ཀྱི་སྐད་ཡིག་བེད་སྤྱོད་བྱེད་མཁན་ནི་ཧ་ཅང་ཉུང་ཉུང་རེད། དེར་མ་ཟད་བོད་ཀྱི་ཡུལ་མང་པོ་ཞིག་གི་རང་གི་སྐད་དང་ཡི་གེ་དེ་རིམ་གྱིས་རིམ་གྱིས་མར་འགྲིབ་པ་དང་། བརྗེད་ནས་འགྲོ་བཞིན་ཡོད་པ་དེ་ཚང་མས་ཤེས་གསལ་ལྟར་རེད།
དཔེར་ན་ས་ཆ་འདི་ནི་ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོའི་གདན་ས་སྐུ་འབུམ་དགོན་པའི་ཉེ་འདབ་རེད། ངས་གོ་ཐོས་ལྟར་ན་ཉེ་འཁོར་ཚང་མས་རྒྱ་སྐད་མ་གཏོགས་བོད་སྐད་བཤད་ནི་མ་རེད་ཟེར། ཁ་སང་རླངས་འཁོར་ཁ་ལོ་པ་ཞིག་གིས་ང་ལ་བཤད་རྒྱུར། ས་ཆ་འདིའི་སྐུ་འབུམ་དགོན་ནང་གི་བླ་སེར་འགའ་རེས་ཆོས་འདོན་རྒྱུ་དེ། བོད་ཡིག་གི་ལམ་ནས་བཏོན་ཡང་དེའི་ནང་དོན་གཏན་ནས་ཤེས་ཀྱིན་མེད། དགོན་དེའི་ཉེ་ཟུར་གྱི་བོད་པ་ཚང་མས་ཡང་བོད་སྐད་བཤད་མི་ཤེས་པ་རེད་ཟེར། དེ་བཞིན་དུ་ང་ཚོའི་ས་ཆའི་དཀར་མཛེས་རང་སྐྱོང་ཁུལ་ལྟ་བུར་མཚོན་ན་ཡང་གནའ་དུས་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཟེར་བ་སོགས་མང་པོ་ཞིག་བོད་པ་ཡིན། སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་བརྩམས་པའི་ལོ་རྒྱུས་ནང་བཀོད་པ་ལྟར་ན། དེ་དག་ཕལ་ཆེར་དེང་སང་གི་རྫོང་ཁག་བཅུ་ལྷག་ལ་ཁྱབ་ཡོད། དེ་རེ་རེ་བཞིན་དུ་བལྟས་ན་འགའ་རེ་དེང་སང་རྒྱར་འགྱུར་ཚར་སོང་། འགའ་རེར་བསང་གཏོང་རྒྱུ་དང་རླུང་རྟ་མཆོད་རྒྱུ་སོགས་ཀུན་སྤྱོད་ཉུང་ཤས་ཙམ་ལྷག་ཡོད་པ་ལས་བོད་ཀྱི་རིག་གནས་ཏེ་བོད་ཀྱི་སྐད་ཡིག་ཕལ་ཆེར་ཞིག་གཞི་ནས་ཉམས་ཚར་བའི་ས་ཆ་རུ་གྱུར་ཡོད། དེས་ན། ཁྱེད་རྣམ་པ་ཚོ་ནི་མ་འོངས་པའི་བོད་ཀྱི་ལས་དབང་ངམ་མདུན་ལམ་འདིའི་ཕྱོགས་ལ་འདང་རྒྱག་གྱིན་ཡོད་མཁན་རེད། དེ་ལྟ་ན་ད་ང་ཚོས་ཇི་ལྟར་བྱས་ན་དགའ་བསམ་བློ་ཐོངས་དང་ངས་བལྟས་ན། ད་ལྟའི་ལོ་བཅུའམ་ལོ་བརྒྱ། ཡང་ན་ལོ་ཉིས་བརྒྱ་ཡས་མས་ཀྱི་མཚམས་སུ་ང་ཚོའི་བོད་ཡུལ་གྱི་ས་ཆ་མང་པོ་ཞིག་ནི་གནའ་སྔ་མོ་བོད་ཡིན་ན་ཡང་དེང་སང་རྒྱར་འགྱུར་ཚར་བ་རེད་ཅེས་ཟེར་རྒྱུའི་གཏམ་རྒྱུད་ཆགས་པའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་རྒྱུ་རེད་སྙམ། དེ་ཡང་ངོ་མ་བཤད་ན། མཉམ་མེད་ཙོང་ཁ་པའི་ཕ་ཡུལ་འདི་ལྟ་བུ་རྒྱ་མིར་གྱུར་ཚར་བ་རེད་ཟེར་ན། ཧ་ཅང་སྐྱོ་བའི་གནས་སུ་གྱུར་བ་ཞིག་རེད། ཡིན་ན་ཡང་ལོ་རྒྱུས་ཀྱི་འཕེལ་འགྲིབ་སོགས་ཀྱི་རྐྱེན་ལས་དེ་ལྟར་གྱུར་སོང་བ་རེད། རྒྱ་ནག་གི་ལོ་རྒྱུས་ཀྱི་ནང་དུ་ཆིན་རྒྱལ་རབས་ཀྱིས་ལོ་ཉིས་བརྒྱ་ལྷག་གི་རིང་ལ་རྒྱལ་སྲིད་བཟུང་བ་སྟེ། ཕལ་ཆེར་སྤྱི་ལོ ༡༦༣༦ ནས་ལྕགས་ཕག་གསར་བརྗེ་ཡི་བར་དུ་སྲིད་དབང་བཟུང་བ་ཡིན། དེར་ཚང་མ་མན་རིགས་ཀྱིས་བཟུང་བས་སྲིད་གཞུང་གི་ཡི་གེ་ཚང་མ་ཡང་མན་ཡིག་ཏུ་བསྒྱུར་ནས་ཡོང་བ་ཡིན། དེ་རྗེས་ལྕགས་ཕག་གསར་བརྗེ་ནས་བཟུང་སླར་ཡང་རྒྱ་རིགས་ཀྱིས་དབང་བསྒྱུར་བྱས། ལྕགས་ཕག་གསར་བརྗེ་ནི ༡༩༡༡ ལོར་སྐུ་ཞབས་སིན་ཀྲོང་ཧྲན་གྱིས་གསར་དུ་མགོ་བཟུང་ནས། ད་ལྟའི ༢༠༡༡ བར་དུ་ལོ་བརྒྱ་སོང་ཡོད། དེ་ལྟའི་ལོ་བརྒྱའི་སྔོན་གྱི་ཆིན་རྒྱལ་རབས་ཀྱི་ནང་དུ་རྒྱལ་པོ་ཆེས་མང་པོ་ཞིག་སྟེ། དཔེར་ན་རྒྱལ་པོ་སིན་ཀྲི། ཡུང་ཀྲེན། ཁང་ཤིས་དེ་ལ་སོགས་པ་ཚང་མས་མན་གྱི་རིག་གནས་གཞིར་བཟུང་སྟེ་སྲིད་གཞུང་གི་ཡིག་ཆ་དང་རིག་གནས་སོགས། རྒྱ་ཡིག་དང་སོག་ཡིག་ལ་མ་ལྟོས་པར་མན་ཡིག་ཁོ་ན་བེད་སྤྱོད་བྱས་པ་ཡིན་ཡང་། ད་ལྟ་མན་གྱི་ཡི་གེ་དང་རིག་གནས་ཐམས་ཅད་རྩ་མེད་དུ་གྱུར་སོང་བ་ཡིན། དེང་སང་རྒྱ་ནག་གི་ཧེ་ལུང་ཅང་ཞིང་ཆེན་དེར་ཆིན་རྒྱལ་རབས་ཀྱི་མན་གྱི་ཡིག་ཚང་ཧ་ཅང་མང་པོ་ཡོད་ཀྱང་དེ་ཤེས་མཁན་ཡོད་པ་མ་རེད། ༢༠༠༩ ལོ་བརྟག་དཔྱད་བྱས་པ་ལྟར་ན། མན་གྱི་ཡི་གེ་ཤེས་མཁན་རྒན་པོ་ལོ་བདུན་ཅུ་བརྒྱད་ཅུ་བ་འགའ་རེ་ཙམ་མ་གཏོགས་མེད་ཅེས་འཛམ་བུའི་གླིང་ན་དེ་ལྟར་བསྒྲགས་ཀྱིན་ཡོད། མན་མི་རིགས་མི་ནི་བོད་མི་རིགས་ལས་མང་བ་རེད། ཁ་སང་དེ་རང དེའི་རིགས་ཀྱི་མི་ས་ཡ་ཡས་མས་ཡོད་པར་བཤད། ཡིན་ཡང་སྐད་དང་ཡི་གེ་རིག་གནས་སོགས་ཚང་མ་གཞན་དུ་འགྱུར་ཚར་སོང་བ་ཡིན། དེ་ལྟར་ཡིན་ན་ཁྱེད་རྣམ་པ་ཚོ་ཚང་མས་རང་རང་སོ་སོས་བསམ་བློ་ཐོངས་དང་། ང་ཚོ་བོད་པའི་སྐད་ཡིག་དེ་ད་ལྟའི་ལོ་བརྒྱ་ཡི་མཚམས་སུ། ད་དུང་ཡང་འདི་ལྟ་བུ་ཞིག་ཏུ་གནས་ཐུབ་བམ་མི་ཐུབ། དེང་སང་བོད་པ་མང་པོ་འགྱུར་སླ་བོར་འདུག་སྟེ་དེ་ཡང་ང་ཚོའི་ཟུར་ན་ཡོད་པའི་རྒྱ་མི་མང་པོ་ཞིག་བོད་ཡུལ་ལ་ཡོང་ནས་བསྡད་ཀྱང་། དེ་ཚོ་བོད་པར་གྱུར་སོང་མཁན་ཡོད་པ་མ་རེད།
དཔེར་ན་ང་ཚོའི་སྒར་ཁར༼བླ་རུང་ནང་བསྟན་སློབ་གླིང་།༽ཕལ་ཆེར་ལོ་ཉི་ཤུ་ཡས་མས་ཀྱི་རིང་ལ། རྒྱ་ནག་གི་བླ་མ་དང་ཇོ་མོ་དགེ་བསྙེན་སོགས་མང་པོས་བོད་ཀྱི་ཆོས་སྦྱངས་ནས་བསྡད་ཡོད་ཀྱང་། དེ་ཚོས་བོད་སྐད་མ་གཏོགས་རྒྱ་སྐད་བཤད་མི་ཤེས་པར་གྱུར་སོང་བ་ལྟ་བུ་གཅིག་ཀྱང་མེད། ང་ཚོ་བོད་པ་ཚོ་ཡིན་ན་རྒྱ་ནག་ནས་སློབ་གྲྭ་ཆེན་པོར་ཞུགས་པའམ། གྲོང་ཁྱེར་ནང་ནས་ལས་ཀ་བྱས་ཏེ་ལོ་ལྔ་དྲུག་ཙམ་སོང་ཚར་ནས་བཟུང་སྟེ། ཕྱིར་ཐོན་དུས་བོད་སྐད་བཤད་མི་ཤེས་པར་གྱུར་འདུག གལ་ཏེ་བོད་སྐད་ཅུང་ཟད་བཤད་ཤེས་ནའང་འཁྱ་མ་འཁྱོག་སྟེ་རྒྱ་སྐད་ཕྱེད་ཀ་དང་། བོད་སྐད་ཕྱེད་ཀ་འདྲ་མ་འདྲེས་ར་མ་ལུག་གི་རྣམ་པ་ཙམ་ཞིག་མ་གཏོགས། ངོ་མ་བོད་སྐད་དག་མོ་ཞིག་བཤད་མི་ཤེས་འུ། ངས་བལྟས་ན་ད་ལྟའི་དགེ་སློབ་ཕལ་ཆེ་བ་ཞིག་གིས་རང་གི་རིག་གནས་དོར་བ་ནི་བོད་པ་རང་ལན་སོང་བ་རེད་བསམ་འདུག མན་རིགས་ཀྱིས་ཀྱང་མཐར་རྒྱ་སྐད་བཤད་པ་དེ་ཧ་ཅང་གཟི་བརྗིད་ལྡན་པ་དང་། མན་སྐད་བཤད་པ་ནི། ངོ་ཚ་བའི་ཚུལ་དུ་གྱུར་ནས་རིམ་གྱིས་ལོ་བརྒྱའི་རིང་ལ་མི་རིགས་དེ་ཕལ་ཆེ་བ་ཞིག་ནི་རྒྱ་མཚོ་ལ་ཁ་བ་ཐིམ་པ་བཞིན་དུ་མེད་པར་སོང་བ་རེད། དེང་སང་ཆིན་རྒྱལ་རབས་ཀྱི་ཡིག་ཚང་ཆེས་མང་པོ་ཞིག་ཡོད་ནའང་མན་ཡིག་ཤེས་མཁན་མེད་པས། ཉེ་ཆར་འཇར་པན་གྱི་ཞིབ་འཇུག་ལྟེ་གནས་ཚོགས་པ་ཞིག་གིས་ཞིབ་འཇུག་བྱས་པ་ལྟར་ན། ད་ལྟ་ཁོང་ཚོའི་ཡིག་ཚང་དེ་སྐད་ཡིག་གཞན་དུ་བསྒྱུར་དགོས་ན་ལོ་བརྒྱའི་རིང་ལ་མི་བརྒྱ་ཐམ་པས་བསྒྱུར་ཀྱང་ད་དུང་ཡག་པོ་ཞིག་མི་ཚར་གི་ཟེར། དེས་ན་ང་ཚོ་བོད་ཀྱི་གནས་ཚུལ་ལ་མཚོན་ན་ནམ་ཞིག་ན་བཀའ་འགྱུར་དང་བསྟན་འགྱུར་ལ་སོགས་པ་ཁ་ཚང་དཔེ་མཛོད་ཁང་དུ་བཞག་ཡོད་ནའང་། བོད་ཀྱི་སྐད་ཡིག་ཤེས་མཁན་མེད་པས་ཨ་མེ་རི་ཀ་དང་། འཇར་པན་ལ་སོགས་པའི་ཕྱི་རྒྱལ་ཚོར་རེ་བ་དང་སྐྱབས་བཅོལ་བྱེད་དགོས་པ་ལྟ་བུ་འབྱུང་བའི་ཉེན་ཁ་ཆེ་སྙམ་པའི་སེམས་ཁུར་ཡོད། འདིར་ཁྱེད་རྣམ་པ་དགེ་ཐོན་སློབ་གྲྭའི་སློབ་མ་མང་ཆེ་བ་ཞིག་ནི་མ་འོངས་པར་དགེ་རྒན་བྱེད་རྒྱུ་རེད། དགེ་རྒན་གྱི་ནང་ན་ཡང་ལ་ལ་ནི་མི་ཚེ་གཅིག་གི་རིང་ལ་བརྗེད་པར་དཀའ་བའི་དགེ་རྒན་ཧ་ཅང་ཡག་པོ་དང་། དགེ་རྒན་ལ་ལས་ནི། སློབ་མ་ལོག་པའི་ལམ་དུ་ཁྲིད་པར་མ་ཟད་རང་ལ་ཡང་། འཇིག་རྟེན་མི་ལུགས་དང་དམ་པ་ལྷ་ལུགས་ཀྱི་ཡོན་ཏན་གང་ཡང་མེད་པར་སློབ་མའི་མགོ་སྐོར་མཁན་ཡང་མང་པོ་ཞིག་ཡོད། ང་ད་ལོའི་དབྱར་ཁར་ང་ཚོའི་ས་ཆ་ནས་སློབ་གྲྭ་ཞིག་གི་ནང་དུ་རང་དགར་གྱི་གྲྭ་པ་ཞིག་གི་རྣམ་པ་བྱས་ནས་གཟན་གྱི་མགོ་བཏུམས་ཏེ་སོང་བ་ཡིན། ཉིན་དེ་ནི་གཟའ་པ་སངས་ཤིག་རེད། དགེ་རྒན་ཚང་མ་སྤང་ཐོག་ན་ལྦུ་ཆང་འཐུང་བཞིན་ཤོ་རྒྱག་གིན་འདུག སློབ་མ་ཚང་མ་སློབ་ཁང་ནང་ན་ཡོད་ཅིང་འགའ་རེས་ཐ་མག་འཐེན་བཞིན་བསྡད་པ་སྟེ་སློབ་མ་དང་། དགེ་རྒན་ཚང་མས་ནམ་ཟླ་དེ་ལྟར་ཆུད་ཟོས་བྱེད་གྱིན་ཡོད། ངོ་མ་དགེ་སློབ་དེ་ཚོ་རིག་ཡོང་དུས་སེམས་གཏིང་ནས་ཡི་ཆད་སྐྱེ་འོང་བ་ཞིག་རེད།
༢. བོད་བརྒྱུད་ནང་བསྟན་ཆོས་ལུགས་ལ་མཐོང་ཆེན་བྱ་རྒྱུ་ནི་ལྡོག་ཏུ་མེད་པའི་འོས་འགན་ཞིག གཞན་ཡང་དེང་སང་བོད་ཀྱི་སློབ་གྲྭ་ཆེན་མོ་མང་པོ་ཞིག་གི་ནང་ན་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་སམ་བོད་བརྒྱུད་ནང་བསྟན་ལ་ཞིབ་འཇུག་བྱེད་རྒྱུ་དེ་ཧ་ཅང་དཀོན་མོ་རེད། ངས་བལྟས་ན་ཁྱེད་རྣམ་པ་ཚོས་ཀྱང་དེ་ལ་བསམ་བློ་ཞིག་གཏོང་དགོས་པར་འདུག ཅིའི་ཕྱིར་ཞེ་ན། ནང་ཆོས་ཟེར་བ་འདི་རིན་པོ་ཆེ་རིན་ཐང་བྲལ་བ་ཞིག་ཡིན་རྒྱུ་དེ་ནི་ང་ཚོ་འཇིག་རྟེན་གྱི་ཁ་དཔེར། བུ་ཕས་མི་བསྟོད་དགྲས་བསྟོད། བུ་མོ་མས་མི་བསྟོད་གནས་ཀྱིས་བསྟོད། ཟེར་བ་ལྟར་ང་ཚོ་བོད་པ་རང་གི་བོད་བརྒྱུད་ནང་བསྟན་འདི་ཧ་ཅང་ཁྱད་ཆོས་ཅན་ཞིག་ཡིན་བསམ་ནས་གཞན་ལ་ཡང་དེ་ལྟར་བཤད་ཀྱིན་ཡོད་པ་མ་རེད། དེ་མིན་རྒྱ་རིགས་དང་ཨ་རི། འཇར་པན་ལ་སོགས་པའི་འཛམ་བུ་གླིང་གི་མི་མང་པོ་ཞིག་གིས་བོད་ཆོས་འདི་ལ་སློབ་སྦྱོང་དང་། ཞིབ་འཇུག་ཉམས་སུ་བླངས་པ་སོགས་ལ་བརྟེན། ཁོང་ཚོའི་སེམས་ལ་ཧ་ལས་པའི་ཕན་པ་རྒྱ་ཆེན་པོ་ཞིག་བྱུང་ཡོད་པ་རེད། དེ་མིན་དེང་སང་ང་ཚོའི་སློབ་གྲྭ་ཆེན་མོའི་ནང་གི་དགེ་རྒན་ཚོས་ནང་ཆོས་ལ་དོ་སྣང་མི་བྱེད་པ་དང་། དེ་བཞིན་དུ་སློབ་མ་ཐམས་ཅད་ཀྱིས་ཀྱང་། ནང་ཆོས་དེར་གོ་བ་ཡག་པོ་ཞིག་ལེན་ཐུབ་གྱིན་མེད་པ་སོགས་ནི། ཧ་ཅང་ཡིད་ཕམ་པའི་གནས་སུ་གྱུར་འདུག ང་ཚོའི་བོད་ཀྱི་སློབ་ཆེན་པའི་སློབ་མ་དང་དགེ་རྒན་ཞིག་ཡིན་ནས་བཟུང་བོད་ཀྱི་རིག་གནས་ཀྱི་རྩ་བ་འདི་ནང་ཆོས་ལ་ཐུག་ཡོད་པ་ཤེས་དགོས་པ་དང་། ནང་པ་སངས་རྒྱས་བའི་ཆོས་འདི་ཡག་པོ་ཞིག་མ་ཤེས་ན་བོད་ཀྱི་རིག་གནས་དེ་ངེས་པར་ཏུ་མཐར་ཕྱིན་པ་དང་གཏིང་ཟབ་པ། རྒྱ་ཆེན་པོ་ཞིག་ཤེས་མི་སྲིད། དེས་ན་དགེ་སློབ་སུ་ཡིན་ནའང་ཆོས་འདི་ཡང་དག་པ་ཞིག་ཤེས་དགོས་ན་མི་ཚེ་ཐུང་ཐུང་ཞིག་ལ་ཧ་ཅང་དཀའ་མོ་ཞིག་རེད། འོན་ཀྱང་འདིའི་ཆ་ཤས་སམ་ཅུང་ཟད་རེའི་བྲོ་བ་དེ་ངེས་པར་དུ་ཉམས་སུ་མྱོང་དགོས་པར་འདུག ང་ཉེ་ཆར་རྒྱ་ནག་གི་སློབ་གྲྭ་མང་པོ་ཞིག་ལ་སོང་བ་ལས། དེ་དག་གི་དགེ་སློབ་རྣམས་དངོས་གནས་དྲང་གནས་ཀྱིས་བོད་བརྒྱུད་ནང་ཆོས་ལ། སློབ་སྦྱོང་དང་ཞིབ་འཇུག་བྱས་ཤིང་ཉམས་སུ་བླངས་ནས། དྲི་བ་བཀོད་པའམ་བགྲོ་གླེང་བྱས་ཚེ་ཧ་ལས་པའི་གོ་རྟོགས་ཡག་པོ་འདུག་སྙམ་པ་བྱུང་སོང་། ང་ཚོ་བོད་ཡུལ་གྱི་སློབ་གྲྭ་ཆེ་ཤོས་ཀྱི་ཤེས་ཡོན་པ་དང་ལས་བྱེད་པ་ཚོས། ནང་ཆོས་ཕྱོགས་དེ་འདྲ་མཁྱེན་གྱི་མེད་ཚོད་རེད། དེ་ཡང་རིག་གནས་གསར་བརྗེ་དང་དམངས་གཙོ་བཅོས་བསྒྱུར་སྐབས་སུ། དམ་པའི་ཆོས་ཞེས་པ་དེ་ཡང་དག་པ་ཞིག་མིན་ཟེར་ནས་སྲིད་གཞུང་གི་མར་བསྣུབས་པའི་ཤུགས་རྐྱེན་གྱིས། ད་ལྟ་ཡང་ཆོས་འདི་སློབ་གྲྭ་འགའ་རེ་ནས་རང་གི་ཉམས་སུ་མི་ལེན་པར་མ་ཟད། ད་དུང་དགག་པ་རྒྱག་ཁུལ་བྱས་ཏེ་འདི་ཉིད་ཡང་དག་པ་ཞིག་མིན། ཟེར་མཁན་མང་པོ་ཡོད་པ་རེད། སྤྱིར་གཏམ་བཤད་ལ་རང་དབང་ཡོད་པས། རྒྱུ་མཚན་དང་གནས་ལུགས་ཡོད་ན། དེ་ལྟར་བཤད་ཆོག་མོད་འོན་ཀྱང་ཞིབ་ཏུ་བརྟགས་ན། ཁོ་རང་ཚོའི་ཟེར་རྒྱུ་ཚང་མ་དེ་གནས་ལུགས་ཡང་དག་པ་དང་མཐུན་པའི་སྐད་ཆ་ཞིག་དེང་སང་བཤད་གི་ཡོད་པ་མ་རེད། ཅི་རེད་ཟེར་ན། ཁོ་ཚོར་ནང་པ་སངས་རྒྱས་པའི་ཆོས་ཟེར་རྒྱུ་དེར་ཞིབ་འཇུག་དང་། ཡུན་རིང་པོའི་བར་ལ་བརྟག་དཔྱད་བྱེད་རྒྱུའི་གོ་སྐབས་མེད་ཅིང་། མོས་པ་མེད་པའམ་གནས་ལུགས་མི་ཤེས་བཞིན་དེ་ལྟར་བབ་ཅོལ་དུ་སྨྲ་བཞིན་ཡོད། ང་རང་ངོས་ནས་ནང་པ་སངས་རྒྱས་པའི་ཆོས་ལ་ཡུན་རིང་པོའི་བར་དུ་སློབ་སྦྱོང་བྱས་མྱོང་ཞིང་། ཁྱེད་རང་བོད་ཀྱི་ན་གཞོན་ཚོས་ཀྱང་དངོས་གནས་འདི་ལ་སློབ་སྦྱོང་བྱས་ན་རང་གི་ཕ་ཆོས་གཙང་མ་ཡིན་པས་རང་སྐད་ཀྱི་སྟེང་ནས་སོ་སོའི་ཉམས་སུ་བླངས་ན་དེ་འདྲའི་དཀའ་ལས་ཆེན་པོ་ཞིག་མི་དགོས་ལ། དེ་མིན་ཕྱིའི་རྒྱལ་ཁབ་པ་ཚོས་ཧ་ལས་པའི་དཀའ་སྤྱད་ཀྱིས་སྦྱང་བརྩོན་བྱེད་བཞིན་ཡོད་པ་རེད། ང་ཚོའི་ས་ཆའི་སློབ་གླིང་ལྟ་བུ་ལ་མཚོན་ན། དེར་ཨ་མེ་རི་ཀ་སོགས་ཀྱི་དགེ་རྒན་ཆེན་མོ་དང་དེ་བཞིན་སློབ་གྲྭ་སོ་སོའི་ནང་གི་རབ་འབྱམས་པ་དང་རབ་འབྱམས་པ་གོང་མ། ཞིབ་འཇུག་པ་སོགས་འོང་ནས་ལ་ལ་རབ་ཏུ་བྱུང་སྟེ། བོད་ཀྱི་ནང་ཆོས་དེ་ལ་ཁྱད་ཆོས་ཡོད་འདུག་ཟེར་ནས་དེང་སང་ཡང་སྒར་ནང་ན་བསྡད་ཡོད། ལ་ལ་ལོ་གཉིས་གསུམ་བར་བསྡད་དེ་ད་དུང་ཞིབ་འཇུག་སློབ་སྦྱོང་བྱེད་བཞིན་ཡོད། དེས་ན་ངས་ཐེངས་རེ་བསམ་བློ་བཏང་དུས། རང་གི་ས་ཆ་ན་ཡོད་པའི་ཟབ་ཆོས་འདི་དག་རང་རིགས་ཀྱི་ཤེས་ཡོན་པ་ཚོར། གོ་མྱོང་མེད་པ་མཐོང་དུས་ཤིན་ཏུ་སྐྱོ་འོང་བ་ཞིག་འདུག ཅི་ཡིན་ན་ང་ཚོ་བོད་ནང་ན་རབ་ཏུ་བྱུང་བའི་སྡེ་ཕར་ཕུད་ཤུལ་ན། སློབ་ཆེན་དུ་སློབ་སྦྱོང་བྱེད་ཅིང་བྱ་བ་སྒྲུབ་མཁན་ཚོ་བོད་ནང་གི་མཁས་པའམ། འཇོན་ཐང་ཅན་ནམ་གྲགས་པ་ཅན་དུ་བརྩི་དགོས་ནའང་། འདི་དག་གི་ནང་ཆོས་ཀྱི་ཆུ་ཚད་དང་རྣམ་པ་སོགས་མཐོང་རྗེས་སེམས་ནང་ལ་རེ་འགའ་མ་བདེ་བ་ཞིག་དང་། རེ་འགའ་སྙིང་རྗེ་གློ་བུར་བ་རེའང་སྐྱེ་འདུག་པ་ལྟ་བུ་བྱུང་། ང་ཚོ་བོད་པའི་རབ་ཏུ་བྱུང་བའི་སྡེ་ཁག་ནང་འགའ་རེས། ནང་ཆོས་ལ་ཐོས་བསམ་སློབ་སྦྱོང་ཅུང་ཙམ་རེ་བྱེད་བཞིན་ཡོད་ཀྱང་། དེ་ནི་ཆེས་ཉུང་ཤས་ཤིག་རེད། དེ་བཞིན་དུ་ས་ཆ་སོ་སོའི་ཞིང་པ་དང་འབྲོག་པ་རྣམས་ཀྱིས་སྤྱིར་བཏང་ལག་ཏུ་འཁོར་ལོ་དང་ཕྲེང་བ་འཛིན་ཅིང་། ཁ་ནས་མ་ཎི་འདོན་རྒྱུ་སོགས་སྲོལ་བཟང་པོ་ཙམ་ཡོད་མོད། ནང་སེམས་ཐོག་ནས་རྒྱུ་མཚན་ཤེས་པའི་སྒོ་ནས་ཚང་མས་སློབ་སྦྱོང་དང་ཉམས་ལེན་བྱེད་སྲོལ་ཆེར་མེད། ནང་སྒོས་སུ་ཡང་ཁྱེད་ཚོ་སློབ་མ་དང་དགེ་རྒན་རྣམས་ནི། ད་ལྟ་དང་མ་འོངས་པར་བོད་ཀྱི་བྱིས་པ་མང་པོའི་ཁ་ཕྱོགས་ལེགས་པའི་ལམ་དུ་སྒྱུར་བའི་གཟི་བརྗིད་ལྡན་པའི་དགེ་རྒན་ཏེ་དེད་དཔོན་ལྟ་བུ་ཡིན་པས་ན། གལ་ཏེ་རང་གི་རྒྱུད་ལ་ཡང་ནང་ཆོས་ཡང་དག་པ་ཞིག་གི་ལྟ་བ་དང་། གོ་རྟོགས་ཙམ་ཡང་མེད་ན་ནི་ཧ་ཅང་ཡིད་ཕམ་པའི་གནས་སུ་འགྱུར་ངེས། དེ་རིང་ཁྱེད་རྣམ་པ་ལ་ང་ཁ་ཡག་བཤད་པར་ཡོང་བ་མིན་པས། རང་རང་སོ་སོས་བསམ་བློ་བཏང་ནས་གལ་ཏེ་མི་འགྲིག་ས་ཡོད་ན་ཐད་དཀར་ང་ལ་ཤོད་དང་། དེ་ལ་ཁོང་ཁྲོ་མི་ལངས་ངེས་ཅན་ཡིན། ངས་བལྟས་ན་དེང་སང་ང་ཚོ་བོད་ཀྱི་ནང་ཆོས་འདི། འཛམ་བུ་གླིང་གི་མི་རིགས་གཞན་པ་ཐམས་ཅད་ཀྱིས་ཡིད་ཆེས་བྱེད་ཅིང་ཉམས་སུ་ལེན་བཞིན་ཡོད་པ་རེད། དཔེར་ན་ང་ཚོའི་བོད་སྨན་ལྟ་བུ་ལ་མཚོན་ན། བོད་པ་རང་གི་ལག་ལེན་དུ་མ་ཐེབས་པ་མང་པོ་ཞིག མི་རིགས་གཞན་གྱི་བེད་སྤྱོད་བྱེད་བཞིན་ཡོད་པ་ལྟ་བུར་སོང་ཡོད། དམ་ཆོས་འདི་ནང་སེམས་ཀྱི་སྨན་མཆོག་གཅིག་པུ་ལྟ་བུ་ཡིན་ཀྱང་དེའང་གོང་དུ་བཤད་པ་ལྟར། རང་རེས་ལག་ལེན་ལ་ཐེབས་ཀྱིན་ཡོད་པ་མ་རེད། དཔེར་ན་ཨ་རིའི་ཧ་ཧྥུ་སློབ་གྲྭ་དང་ཡེ་ལོས་སློབ་གྲྭ། ཁུ་ལུམ་པིས་ཡ་སློབ་གྲྭ་ཆེན་མོ་ལ་སོགས་པའི་སློབ་གྲྭ་བཅོ་བརྒྱད་ཙམ་གྱི་ནང་དུ། བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་ཞིབ་འཇུག་ལྟེ་གནས་བཙུགས་ཡོད། དེ་ཚོ་ཚང་མའི་དགེ་རྒན་དག་གིས་ཀྱང་ཞིབ་འཇུག་བྱེད་བཞིན་ཡོད་ལ་སློབ་མ་ཚོས་ཀྱང་སློབ་སྦྱོང་བྱེད་གྱིན་ཡོད། ཧ་ཧྥུ་སློབ་གྲྭ་ཆེན་པོའི་ནང་ན་ཅི་ཉི་ཐུ་ཇ་ཚོ་ཟེར་བ་དེ་སྔོན་རྒྱལ་སྤྱིའི་ཆོས་ལུགས་བོད་རིགས་པ་ཞིབ་འཇུག་གི་ཚོགས་གཙོ་རེད། རྗེས་མ་ཨ་མེ་རི་ཀའི་ཚན་རིག་སློབ་གླིང་གི་ནང་ཆོས་སྡེ་ཁག་གི་ཚོགས་གཙོ་རེད། ཁོ་མོས་རྒྱུན་དུ་སློབ་མ་ཐམས་ཅད་ལ་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་གི་སློབ་ཁྲིད་དང་། རིག་འཛིན་འཇིགས་མེད་གླིང་པ་དང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ལ་སོགས་པའི་གསུང་ལ་དཔེ་ཀློག་དང་། ཉམས་ལེན་བྱས་ནས་གཞན་ལའང་སློབ་ཁྲིད་བྱེད་བཞིན་ཡོད། དེ་བཞིན་བོད་ཀྱི་བུད་མེད་ཀྱི་ད་ལྟ་དང་འདས་པའི་གནས་བབས། ཞེས་པའི་བསྟན་བཅོས་བརྩམས་ཤིང་གཞན་ཡང་། བསྒྱུར་རྩོམ་མང་པོ་ཞིག་དེང་སང་དྲྭ་ཐོག་ན་ཡོད་པ་རེད། དེས་ན། ཨ་རི་གཙོ་བོར་བྱས་པའི་སློབ་གྲྭ་ཆེ་ཁག་མང་ཤོས་ཤིག་ན་དེ་ལྟར་ནང་ཆོས་ཞིབ་འཇུག་གི་ལྟེ་གནས་ཚོགས་པ་ཡོད་ན། ངས་ཚང་མ་ལ་འདི་ལྟར་དྲི་བ་བཀོད་པར་འདོད་དེ། ཁྱེད་རྣམ་པའི་སློབ་གྲྭའི་ནང་དུ་ནང་ཆོས་སློབ་སྦྱོང་བྱེད་མཁན་གྱི་དགེ་རྒན་ཅི་ཙམ་ཡོད། བོད་ཆོས་སློབ་སྦྱོང་བྱེད་སའི་ལྟེ་གནས་ག་ཚོད་ཡོད་པ་རེད་ཅེས་དྲིས་ན། ཁྱེད་ཚོས་ལྟེ་གནས་ཡོད་པ་མ་རེད། ནང་ཆོས་སློབ་མཁན་ཆེས་ཉུང་ངུ་རེད་ཅེས་ལན་འདེབས་རྒྱུ་རེད་སྙམ། སྤྱིར་ང་ཚོར་བོད་རིག་པ་ཡོད་སའི་སློབ་གྲྭ་ཆེ་ཁག་ནི་མཚོ་སྔོན་ཕྱོགས་སུ་དགེ་ཐོན་སློབ་གྲྭ་དང་། མི་རིགས་སློབ་གླིང་ཙམ་ཡིན་ལ། ཀན་སུའུ་ན་སློབ་གྲྭ་ཆེན་པོ་གཉིས་ཙམ་ཡོད། དེ་ནས་སི་ཁྲོན་ཕྱོགས་ན་ལྷོ་ནུབ་མི་རིགས་སློབ་གྲྭ་དང་། པེ་ཅང་དུ་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་པོ་བཅས་ཡོད་ཀྱང་། འདི་ཚོ་ཚང་མའི་ནང་ན་ནང་ཆོས་སློབ་སྦྱོང་བྱེད་ས་དང་བྱེད་མཁན་ཆེས་ཉུང་ངུ་རེད། སློབ་གྲྭ་གཞན་འགའ་རེ་ན། སྤྱོད་འཇུག་དང་སྔོན་འགྲོ་ཅུང་རེ་ཁྲིད་པ་ཙམ་མ་གཏོགས་གཞན་ཅི་ཡང་མེད་པས། དེ་ནི་ཧ་ཅང་ཡིད་ཕམ་པའི་གནས་ཚུལ་ཞིག་ཏུ་གྱུར་ཡོད། མ་འོངས་པར་དགེ་སློབ་ཚང་མས་ཤུགས་སྣོན་བྱས་ནས་ནང་ཆོས་ལ་ཞིབ་འཇུག་བྱེད་རྒྱུ་དང་། དགེ་རྒན་ཚོས་ཀྱང་ནང་ཆོས་ཅུང་ཙམ་རེ་ཁྲིད་དགོས་མ་གཏོགས་འགྲིག་གི་མི་འདུག ང་ཚོའི་སློབ་མ་ཚོའི་ནང་ན་འགའ་རེས་བཟང་སྤྱོད་དང་བདེ་སྨོན་དམིགས་རྩེ་མ་དང་སྒྲོལ་མ་སོགས་འདོན་བཞིན་ཡོད་ཀྱང་། དེ་ལ་གལ་ཏེ་སྒྲོལ་མ་དང་བཟང་སྤྱོད་སོགས་བཏོན་ན་ཅི་ཕན་རྒྱུ་རེད་ཅེས་དྲིས་ན། འགའ་རེས་སེམས་སྐྱིད་པོ་ཞིག་འདུག་ཅེས་པའམ། དཀོན་མཆོག་གསུམ་ལ་གསོལ་བ་བཏབ་ན་འགལ་རྐྱེན་འབྱུང་རྒྱུ་མ་རེད་ཟེར་བ་ཙམ་མ་གཏོགས། ལན་ཡག་པོ་ཐེབས་མི་འདུག ཡང་སྒྲོལ་མའི་ནང་ན་ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ་ཞེས་པ་དང་། ཕྱག་འཚལ་བདུད་དགྲའི་བདུད་དགྲ་སོགས་ཀྱི་གོ་དོན་ཅི་འདྲ་རེད་ཅེས་དྲིས་ན། དགེ་རྒན་དང་སློབ་མ་མང་པོ་ཞིག་གིས་འགྲེལ་བཤད་རྒྱག་ཤེས་ཀྱིན་མེད། དེ་བཞིན་བཟང་སྤྱོད་ལའང་ཚིག་འགྲེལ་ཙམ་བྱེད་དགོས་ན་ཤེས་འུ་ཡོད་པ་མ་རེད། དེང་སང་རྒྱ་ནག་གི་དགེ་རྒན་སོགས་དང་། དེ་མིན་གཞན་པའི་ཆོས་པ་མང་པོ་ཞིག་གིས་འདི་དག་གི་ནང་དོན་འགྲེལ་བཤད་ཤེས་ཀྱིན་ཡོད། བོད་ཀྱི་ཞིང་པ་དང་འབྲོག་པ་ཚོས་འདི་དག་གི་དོན་མི་ཤེས་ན་ཁག་མེད་དེ་ཁོ་ཚོར་སྤྱིར་ རིག་གནས་མེད་པར་མ་ཟད་ཐ་ན་ཡི་གེ་ཡང་ཤེས་འུ་མེད། ངས་བལྟས་ན། རིག་གནས་གསར་བརྗེ་ཆེན་པོས་ བོད་གངས་ཅན་ལྗོངས་ཀྱི་དགོན་པ་སྟོང་ཕྲག་བདུན་མེད་པར་བྱས་སོང་བ་དང་། སྐབས་དེར་དགོན་པ་ཚང་མ་མར་གཏོར་ནས། ས་སྐུ་རྡོ་སྐུ་ཐམས་ཅད་མར་རྩ་མེད་དུ་བཤིག་སོང་ཞེས་དེང་སང་གི་ཡིག་ཆ་འགར་བཤད་ཀྱང་། དེ་ཙམ་གྱི་གནོད་སྐྱོན་ཐེབས་མེད་པ་སྟེ། མི་ཐམས་ཅད་ཀྱི་སེམས་ནང་ན་ནང་པ་སངས་རྒྱས་པའི་ཆོས་ཀྱི་ལྟ་བ་ཡོད་པས། སླར་ཡང་བསྐྱར་བཞེངས་བྱས་ན་ལས་སླ་པོ་ཡིན་པ་ང་ཚོས་ཤེས་གསལ་ལྟར་རེད། ཁ་སང་དེ་རིང་ནི་རིག་གནས་གསར་བརྗེ་ཆེན་པོའི་སྐབས། ལོག་ལྟ་དང་སྐུར་འདེབས་ཀྱི་སྲོལ་ངན་པའི་ས་བོན་བཏབ་པའི་འབྲས་བུ་ད་ལྟ་སླར་ཡང་སྨིན་ནས་གནོད་ཚབས་དེ་ལས་ཆེ་བར་གྱུར་ཅིང་། མང་པོ་ཞིག་གི་དགག་པ་གཏོང་ཁུལ་གྱིས་སྐུར་འདེབས་བྱེད་མཁན་ཡང་ཡོད། སྤྱིར་བོད་རིགས་ཐམས་ཅད་མཐའ་གཅིག་དུ་ནང་པ་སངས་རྒྱས་པའི་ཆོས་ལ་དད་དགོས་པའི་ངེས་པ་མེད་ཀྱང་། རྒྱུ་མཚན་ཅི་ཡང་མེད་པར་ཆོས་དེ་ལ་འདྲ་མི་འདྲའི་ཁ་ཟེར་བྱེད་པ་ནི་གནས་ལུགས་ཅི་ཡང་མེད། དེར་བརྟེན་མ་འོངས་བའི་སྐབས་སུ་སློབ་གྲྭ་ཆེན་པོ་ཚོའི་ནང་ན་འདི་ལྟ་བུའི་ཆོས་ལུགས་ཞིབ་འཇུག་གི་སྡེ་ཁག་མེད་ན་ཧ་ཅང་མི་རིགས་པ་རེད། དེང་སང་རྒྱ་ནག་གི་དབང་དུ་བྱས་ན། དཔེར་ན་ནན་ཅིན་དགེ་ཐོན་སློབ་ཆེན་དང་། པེ་ཅིན་གྱི་མི་དམངས་སློབ་ཆེན་སོགས་སུ་ནང་ཆོས་ཀྱི་སྡེ་ཁག་ཡོད་ཅིང་། ཁྱད་པར་དུ་མི་དམངས་སློབ་ཆེན་ནི་ཆེད་དུ་རྒྱལ་ཁབ་ཀྱི་ལས་དོན་སྒྲུབ་མཁན་མགོ་ཁྲིད་རྣམས་གསོ་སྐྱོང་བྱེད་ས་ཡིན་ནའང་། ད་ལྟ་དེའི་ནང་དུ་ཕྱི་རྒྱལ་གྱི་བླ་མ་རྣམས་གདན་ཞུ་བྱས་ནས་རྒྱུན་དུ་ཐེག་དམན་དང་ཐེག་ཆེན་གྱི་ཆོས་གསུང་ཤིང་། ཉམས་ལེན་དང་ཞིབ་འཇུག་བྱེད་ཀྱིན་ཡོད། དེ་ནས་ཆིན་ཧྭ་སློབ་ཆེན་དང་པེ་ཅིན་སློབ་ཆེན་གྱི་ནང་ན་བོད་བརྒྱུད་ནང་བསྟན་ཆེད་དུ་སློབ་སྦྱོང་བྱེད་སའི་སྡེ་ཁག་མེད་ཀྱང་སྤྱིར་ནང་བསྟན་སློབ་སྦྱོང་བྱེད་སའི་སྡེ་ཁག་མང་པོ་ཡོད་པ་རེད། དེ་དག་གི་དགེ་རྒན་ཆེས་མང་པོ་ཞིག་གིས། ནང་ཆོས་ལ་སློབ་སྦྱོང་བྱེད་བཞིན་འདུག གཞན་ཡང་རྒྱ་ནག་གི་སློབ་གྲྭ་ཆེས་མང་པོ་ཞིག་གི་ནང་ན་ནང་ཆོས་སློབ་སྦྱོང་བྱེད་སའི་སྡེ་ཁག་ཡོད་ཅིང་། དགེ་རྒན་དང་སློབ་མ་མང་པོས་དེ་ཕྱོགས་ལ་བརྩོན་པ་བྱེད་བཞིན་ཡོད། ཡིན་ན་ཡང་ང་ཚོ་བོད་པའི་ཤེས་རིག་ཅན་དག་ནི། ཚང་མར་གོང་གིས་སྡར་ཆུ་བླུད་པའི་སྟབས་ཀྱིས་འཇིགས་སྐྲག་དང་། དོགས་ཟོན་གྱི་སྒོ་ནས་ངས་ཆོས་ཤིག་སྒྲུབ་པའམ་སྤེལ་ན། བདག་གི་གོ་གནས་དང་མདུན་ལམ་སོགས་ཕྱོགས་གང་ཐད་ལ་གནོད་འཚེ་འདྲ་ཨེ་འོང་སྙམ་ནས་བག་འཁུམས་ནས་བསྡད་ཡོད། དེང་སང་བོད་པ་ཡིན་ན་ཡང་། ན་གཞོན་ཚོས་དཀོན་མཆོག་གསུམ་ལ་ཡིད་ཆེས་མེད་པ་དང་། དམ་པའི་ཆོས་ལ་གོ་བ་མེད་པ་ནི་འདི་ལྟར་དངོས་གཙོ་དང་། ལྷ་མེད་འདྲེ་མེད་སྨྲ་བའི་ཁོར་ཡུག་ནས་སྐྱེད་སྲིང་བྱས་ཤིང་འཚར་ལོངས་བྱུང་བ་ཡིན་པས་ཁག་ཅི་ཡང་མེད། སློབ་གྲྭ་ཆེན་མོ་མ་ཟད་དེང་སང་ང་ཚོ་རབ་དུ་བྱུང་བའི་ནང་ན་ཡང་། ཕར་བལྟས་ན་སེར་གོས་གྱོན་ཡོད་ཀྱང་ཁ་ནས་སེམས་ཅན་བཤས་ན་ཉེས་དམིགས་ཆེན་པོ་མེད་ཅེས་དང་། དེ་བཞིན་དུ་ང་ཚོའི་འཕེལ་རྒྱས་ཀྱི་ཆེད་དུ་སེམས་ཅན་གསོད་དགོས་ཞེས་པ་དང་། ཆོས་འདི་འཕེལ་རྒྱས་ཀྱི་བཀག་རྡོ་ཞིག་རེད་ཅེས་སོགས་ཟེར་མཁན་ཡོད། ནང་ཆོས་འདི་གལ་ཏེ་བཀག་རྡོ་ཞིག་ཡིན་ན་ང་ཚོས་ཀྱང་འདིའི་ཐད་ལ་ཅི་ཡིན་གྱི་བསམ་བློ་ཞིག་གཏོང་ཆོག་ཀྱང་། ཆོས་འདི་ནང་སེམས་ཀྱི་ཚན་རིག་ཅིག་ཏུ་སོང་ཡོད་པ་སྟེ། སེམས་ནང་གི་ཚན་རིག་དེ་གལ་ཏེ་མེད་ན་ཕྱིའི་ཚན་རིག་དང་། སྒོར་མོ་ཁོ་ན་ཙམ་གྱིས་ཅི་ཡང་མི་ཕན་པས། འཛམ་བུ་གླིང་གི་མི་མང་པོ་ཞིག་ལ་སྒོར་མོ་མང་པོ་ཡོད་ཀྱང་དེས་ཚེ་འདི་ཕྱིའི་བདེ་སྐྱིད་སྐྲུན་ཐུབ་ཀྱི་ཡོད་པ་མ་རེད། ཚང་མས་ཤེས་གསལ་ལྟར། ཉེར་ཆར་ཀུ་ཤུ་རྟགས་ཅན་ལག་འཕྲིན་གྱི་སྲོལ་འབྱེད་པ་པོ་ཆོའུ་ཕུ་ཧྲི་ཟེར་བའི་རྒན་པོ་དེ་ལོ་ལྔ་བཅུའི་ནང་ནས་ཤི་སོང་བ་རེད། གསར་འགྱུར་འགའ་རེའི་ནང་བཤད་པ་ལྟར་ན་ཁོ་ལ་ཨ་སྒོར་དུང་ཕྱུར་བདུན་རྒྱ་ལྷག་ཡོད་ཟེར། ཡིན་ཡང་ཁོ་འཆི་རན་དུས་དམ་པའི་ཆོས་མ་གཏོགས་སྐྱབས་གཞན་མེད་པར་ཤེས་ནས། ཁོ་རང་སྔོན་རྒྱ་གར་དང་ས་ཆ་མང་པོར་སོང་ནས། དམ་པའི་ཆོས་ཉམས་སུ་བླངས་ཏེ་ཁོ་འཆི་རྒྱུར་མི་སྐྲག་པ་ཙམ་བྱུང་ཟེར་ཞིང་། ཚེ་ཟེར་བ་དེ་མི་རྟག་པ་ཡིན་པས་ཁོས་རྒྱུན་དུ་ཡང་། ཉིན་མཐའ་མའི་འདུ་ཤེས་གོམས་པས་ཁོ་འཆི་ཁར་མི་སྐྲག་ཟེར། དཔེར་ན་དེ་ལྟ་བུའི་ཕྱུག་པོ་ཞིག་ཡིན་ཡང་རྗེས་མ་འཆི་བའི་སྐབས་ན། རྒྱུ་ནོར་གྱིས་ཅི་ཡང་བྱེད་མི་ནུས་པར་ཁོ་རང་གི་སེམས་ནང་ན་ཡོད་པའི་དམ་པའི་ཆོས་ལ་སྐྱབས་བཅོལ་སར་སོང་བ་ཡིན། དེས་ན་འཕེལ་རྒྱས་ཟེར་བ་དེ། ནང་སེམས་ཀྱི་སྟེང་ནས་ཀྱང་འཇོག་དགོས་པར་འདུག་སྟེ་ཁྱེད་རྣམ་པས་ཀྱང་གོ་ཐོས་ཡོད་ན་ཐང་། སྔ་མོ་ཀྲུང་གོ་ཚན་རྩལ་སློབ་གྲྭའི་སློབ་གཙོ་བྱས་ནས་ལོ་མང་པོར་བསྡད་པའི་དགེ་རྒན་ཀྲོའི་ཆིན་ཧྲི་ཟེར་བ་ཞིག་ཡོད། དེའི་སྐད་ཆ་མང་པོ་ཞིག་ངའི་ཡིད་ལ་འཕྲོད་པོ་བྱུང་། ཐེངས་ཤིག་ཁོ་ཉིན་བརྒྱད་ཙམ་གྱི་རིང་བོད་ཡུལ་དུ་སོང་ནས་བླ་མ་མང་པོ་ཞིག་དང་མཇལ་འཕྲད་བྱས་ཤིང་། ཕྱིར་འོང་ནས་སྐད་ཆ་ཚང་མ་དྲང་མོའི་སྒོ་ནས་བཤད་ཡོད། ཁོས་ཟེར་དོན་གཙོ་བོ་ནི་ཆོས་ཟེར་བ་དེ་ནང་སེམས་ཀྱི་ཚན་རིག་ཅིག་ཡིན་ཞིང་། དེས་མི་མང་པོ་ལ་ཕན་ཐོགས་ཀྱིན་ཡོད་ཚུལ་དང་། གཞན་ཡང་ང་ཚོ་ཚན་རིག་པ་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་རྒྱ་ཆེར་བྱས་ནས་རི་རྩེ་དེར་ཐོན་དུས། ཆོས་ཞིབ་འཇུག་བྱེད་མཁན་གྱི་སློབ་དཔོན་ཐམས་ཅད་ནི། གནའ་སྔ་མོ་ནས་རི་རྩེ་དེར་སླེབས་ཏེ་བསྒུགས་འདུག་ཅེས་བཤད་ཡོད། ཁྱེད་རྣམ་པ་ཚོ་སྟབས་བདེ་ན་ལྟོས་དང་དྲྭ་བའི་སྟེང་ན་ཡོད་པ་རེད། ཁོང་ནི་ཚན་རྩལ་སློབ་གཙོའི་འགན་ཁུར་བ་སོགས། ཚན་རིག་གྱི་བྱ་བ་ཡང་སྒྲུབ་མྱོང་མཁན་ཞིག་ཡིན་པས་ཚན་རིག་ཀྱང་ཁས་ལེན་རྒྱུ་རེད། ཁོང་གིས་ཆོས་ཀྱང་ཁས་ཡག་པོ་བླངས་ཡོད་ཅིང་། དེ་འདྲའི་མི་དྲང་བདེན་གྱི་སྐད་ཆ་ལ་བསམ་བློ་གཏོང་དགོས་འདུག་སྙམ། དེ་མིན་ང་ཚོ་བོད་པ་འགའ་རེ་ནི་ཇི་སྐད་དུ། ཁྱི་རྒན་ཀུ་ཅོ་འདོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུགས། །ཞེས་པ་ལྟར་བརྟག་ཁོམ་དཔྱད་ཁོམ་དང་བློ་གྲོས་ཀྱི་ནུས་རྩལ་སོགས་ཅི་ཡང་མེད་པར། རང་དགར་རིག་གནས་གསར་བརྗེ་ཆེན་མོའི་གནས་སྐབས་ཀྱི་མི་རྣམས་ཀྱིས་བཤད་པའི་སྐད་ཆ་དག སླར་རྗེས་ཟློས་ཙམ་བྱས་པ་དེ་ལ་རིན་ཐང་ཅི་ཡང་མེད་ཅིང་། ཕྱི་མ་རང་རང་གི་སྡུག་བསྔལ་མྱོང་བའི་རྒྱུ་ཙམ་དུ་འགྱུར་བའི་ཕྱིར་རོ། །
དེས་ན། དེ་རིང་ངས་དོན་ཚན་དང་པོའི་ནང་གི་བཤད་རྒྱུ་གཙོ་བོ་དེ་དེང་སྐབས་ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་སློབ་གྲྭ་ཚོའི་ནང་ན་ཞིབ་འཇུག་དང་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་ཡག་པོ་མེད་པས། ང་ཚོས་སློབ་གྲྭ་མང་པོའི་ནང་དུ་སྐུལ་སློང་བྱ་དགོས་པ་ནི་ད་ཕྱིན་ཆད་ནང་ཆོས་ཀྱི་རྒྱུགས་སྤྲོད་ལ་ཞུགས་རྒྱུ་དང་། དེ་བཞིན་དུ་སྔོན་འགྲོ་དང་བྱང་ཆུབ་ལམ་རིམ་དང་རྟེན་འབྲེལ་བསྟོད་པ། སྤྱོད་འཇུག་སོགས་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ནང་ཚན་ཡིན་པས། ངེས་པར་དུ་སློབ་སྦྱོང་བྱ་དགོས་ངེས་ཡིན། འདི་དག་ནི་རྒྱ་ནག་དང་ས་ཆ་གཞན་པ་ན་ཚང་མས་སློབ་སྦྱོང་བྱེད་ཆོག་ན་ང་ཚོས་མི་ཆོག་པའི་རྒྱུ་མཚན་ཅི་ཡང་མེད། འདི་ཡང་ཆབ་སྲིད་དང་འགལ་བའི་གནས་ཚུལ་ཧ་ཅང་ཉེན་ཁ་ཅན་ཞིག་ཏུ་མི་བརྩི་བར་སློབ་ཆེན་གྱི་སློབ་མ་ཚོས་ཀྱང་། དམ་པའི་ཆོས་ཞེས་པ་དེ་ཁ་ནས་མ་ཎི་འདོན་པ་དང་ལག་གིས་འཁོར་ལོ་བསྐོར་རྒྱུ་ཁོ་ན་ཙམ་མ་ཡིན་པར། དེས་ནང་དོན་གྱི་རྩ་བ་ལྟ་སྒོམ་སྤྱོད་པ་ལས་རྒྱུ་འབྲས་སོགས་ཀྱི་ཐད་ལ་དད་པ་དང་ཡིད་ཆེས་ཀྱི་གོ་བ་ལེན་རྒྱུ་དེ་ཧ་ཅང་གལ་ཆེན་པོར་སྣང་།