བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་ལོ་གསར་སྤྲོ་ཚོགས་ཕབ་སྐྲུན་བྱས།

健康   2025-01-25 13:45   四川  

བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་ལོ་གསར་སྤྲོ་ཚོགས་ཆེན་མོ་༼ཞི་མཐུན་མཆོད་དབྱངས༽ཞེས་པ་བདེ་བླག་ངང་ཕབ་སྐྲུན་བྱས།

༢༠༢༥ལོའི་ཟླ་དང་པོའི་ཚེས་ཉེར་བཞི་ཉིན་གྱི་དགོང་མོར། སི་ཁྲོན་རླུང་འཕྲིན་བརྙན་འཕྲིན་ཁང་གི་ཁམས་པའི་བརྙན་འཕྲིན་དང་མི་རིགས་རླུང་འཕྲིན། ཀྲུང་གུང་ཛམ་ཐང་རྫོང་ཨུ་དང་ཛམ་ཐང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་སྒྲུབ་པའི་བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་ལོ་གསར་སྤྲོ་ཚོགས་ཆེན་མོ་༼ཞི་མཐུན་མཆོད་དབྱངས༽ཞེས་པ་བདེ་བླག་ངང་ཕབ་སྐྲུན་བྱས།

ཐེངས་འདིའི་ལོ་གསར་སྤྲོ་ཚོགས་ཐོག་འཇམ་དབྱངས་སྒྲོལ་མ་དང་གོང་པ། བསྟན་པ་མཚོ། སྒྲོལ་མ་སྐྱབས། སྒྲོན་པེ། ལྷ་སྐྱིད། དབྱངས་ཅན་ལྷ་མོ། རྣམ་རྒྱལ་ཆོས་མཚོ། ཀླུ་མོ་མཚོ། ཁམས་སྐྱིད་མཚོ། རིག་འཛིན་ཐར་སོགས་བོད་ཀྱི་མིང་དུ་གྲགས་པའི་གཞས་པ་གཞས་མ་མང་པོ་དཀྱུས་གཅིག་ཏུ་འཛོམས་ནས་གླུ་གར་གྱི་སྟོན་མོ་གྱ་ནོམ་པ་ཞིག་རྒྱ་ཆེའི་གཟིགས་མོ་བ་རྣམས་ཀྱི་མིག་གི་དགའ་སྟོན་དང་རྣ་བའི་གསོས་སུ་ཕུལ་ཡོད་ལ། ལོང་པ་གཏམ་བཤད་མཁན་ཉི་མ་དབང་འདུས་དང་བོད་ལྕེ། པད་མ་ཚེ་རིང་། ཨུ་དཔལ། བྱམས་པ་རྡོ་རྗེ་སོགས་མདོ་དབུས་ཁམས་གསུམ་གྱི་སྒྱུ་རྩལ་པ་ཁག་ཅིག་གིས་ཁ་ཤགས་དང་གར་ཆུང་སོགས་ཉན་ན་སྣང་བ་སྐྱིད་ཅིང་བལྟས་ན་སེམས་འགུལ་ཐེབས་པའི་ལྟད་མོ་ཕུན་སུམ་ཚོགས་པ་ཞིག་ཚང་མར་གནམ་ལོ་གསར་པའི་ལེགས་སྐྱེས་སུ་ཕུལ་བ་རེད།

གཞན་ཡང་བོད་ལྗོངས་སྤོ་བོའི་ཡུལ་གྱི་སྤོ་བོའི་སྤོ་བྲོ་དང་། ནག་ཆུའི་གུང་རྩེ།  རྫ་ཆུ་ཁའི་བཙན་མདའ་སྐོར་བྲོ། བདེ་ཆེན་གྱི་བསོད་ནམས་རས་པ། ཛམ་ཐང་རྫོང་གི་བཀྲ་ཤིས་འབྲས་གར་སོགས་སྲོལ་རྒྱུན་གྱི་ཁྱད་ཆོས་འབུར་དུ་དོད་པའི་ཞབས་བྲོ་མང་པོ་བཀོད་སྒྲིག་བྱས་ཏེ་རྒྱ་ཆེའི་ལྟད་མོ་བར་མིག་གི་ལོངས་སྤྱོད་གྱ་ནོམ་པ་ཞིག་བཤམས། 

ཛམ་ཐང་རྫོང་ནི་ཐེངས་འདིའི་སྤྲོ་ཚོགས་ཀྱི་གཙོ་སྒྲུབ་བྱེད་མཁན་གཙོ་བོ་ཞིག་ཡིན་པའི་ངོས་ནས། ༼བཀྲ་ཤིས་ལྷ་རིས༽དང་༼དར་སྐུད་ལ་བརྒྱུས་པའི་ལོ་ཟླ༽སོགས་དེང་རབས་ཀྱི་འཚོ་བ་གསར་བའི་བྲོ་བས་གཏམས་ཤིང་། གཟུགས་མེད་རིག་གནས་ཤུལ་བཞག་གི་དགེ་མཚན་མངོན་པར་གསལ་བའི་ཞབས་བྲོ་གང་ལ་གང་འཚམ་གྱིས་བཀོད་སྒྲིག་བྱས་ནས་ས་གནས་ཀྱི་རིག་གནས་དྲིལ་བསྒྲགས་དང་། རིག་གནས་ལ་བརྟེན་ནས་རྫོང་དར་རྒྱས་གཏོང་བའི་འཚོལ་ཞིབ་གསར་པ་དང་ཐབས་ལམ་གསར་པ་རེ་རེ་ང་ཚོའི་མིག་གི་དཔྱིད་དང་རྣ་བའི་གསོས་སུ་ཕུལ་ཡོད། 

དེ་མིན་༢༠༢༥ལོ་ལ་མཚོན་ན། ཁམས་པའི་བརྙན་འཕྲིན་སྒྲོག་གཏོང་བྱས་ནས་ལོ་འཁོར་བཅོ་ལྔ་ལོན་པའི་ལོ་ཡིན་པས། ཁམས་པའི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཤེས་རབ་རྣམ་རྒྱལ་དང་སྒྲོལ་དཀར་ལྷ་མོ་བཟའ་ཟླ་གཉིས་ཀྱིས་ཆེད་དུ་གསར་རྩོམ་བྱས་པའི་གླུ་གཞས་༼ཉི་ཟླའི་བརྩེ་དུང༽ཞེས་པ་ཚང་མར་ལེགས་སྐྱེས་སུ་ཕུལ་ཡོད།

ད་དུང་སྤྲོ་ཚོགས་འདི་ལ་དམིགས་བསལ་གྱི་ནང་དོན་ཞིག་ལྡན་པ་ནི། ཟླ་དང་པོའི་ཚེས་བདུན་ཉིན་བོད་ལྗོངས་དིང་རི་ལ་ཚད་རིམ་དྲུག་ཚེག་བརྒྱད་ཀྱི་ས་འགུལ་བྱུང་ནས་རིགས་མཐུན་སྤུན་ཟླ་མང་པོར་གནོད་སྐྱོན་ཚབས་ཆེན་ཐེབས་པས། གནོད་ཐེབས་མང་ཚོགས་ལ་སྙིང་ཉེ་བའི་ཐུགས་ཁུར་དང་། དཔུང་བ་མཉམ་གཤིབ་ཀྱིས་དཀའ་ངལ་ཁྱད་གསོད་དང་སྤོབས་པ་ཆེན་པོས་འཚོ་བ་གསར་པ་ཚུར་ལ་བསུ་བའི་ཡིད་ཆེས་ཇེ་བརྟན་དུ་གཏོང་ཆེད། བྱམས་པ་རྡོ་རྗེ་དང་རྫོགས་ཆེན་བསྟན་འཛིན་སོགས་ཀྱིས་ཆེད་དུ་གསར་རྩོམ་བྱས་པའི་གླུ་གཞས་༼མདུན་དུ་སྐྱོད༽ཅེས་པ་དེ་ཚང་མའི་སྙན་ལམ་དུ་ཕུལ་ཡོད།

བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་ལོ་གསར་སྤྲོ་ཚོགས་ཆེན་མོ་༼ཞི་མཐུན་མཆོད་དབྱངས༽ཞེས་པ་འདི་༢༠༢༥ལོའི་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་སྟེ། བོད་ཀྱི་ལོ་སར་ཚེས་གཅིག་གི་སྔ་མོའི་ཆུ་ཚོད་དགུ་ཐོག་ཁམས་པའི་བརྙན་འཕྲིན་ནས་གཏོང་རྒྱུ་ཡིན་ལ། ལྟད་མོ་བ་ཚོས་ཤམ་བྷ་ལ་མགྲོན་སྣེ་དང་ཁམས་པའི་བརྙན་འཕྲིན་ཁང་གི་འདར་དབྱངས་དང་བརྙན་སྟེགས། མགྱོགས་འཕྲིན། པོད་ཕྲན། སི་ཁྲོན་བོད་སྐད་རླུང་འཕྲིན་གྱི་འདར་དབྱངས། ཛམ་ཐང་རྫོང་གི་འདར་དབྱངས་བཅས་ནས་དུས་མཉམ་དུ་གཏོང་རྒྱུ་ཡིན་པས་ཀུན་གྱིས་དོ་ཁུར་གནང་བར་ཞུ།

རྩོམ་སྒྲིག་པ།  ལྷ་མོ་བཀྲ་ཤིས།

ཞུ་ཆེན། པ་སངས་རྡོ་རྗེ།

གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།

ལྟ་སྐུལ་པ། བཀྲ་ཤིས་ཉི་མ།


阳光之卫
སློབ་གསོ། གསར་འགྱུར། དཔེ་ཀློག གླུ་གཞས་སོགས་འཕྲིན་སྟེགས་འདི་ལས་གཟིགས་ཐུབ།
 最新文章