ལྟ་སྒོམ་སྤྱོད་པའི་རྣམ་བཞག་ཉུང་ངུ་ཐར་ལམ་གསལ་བྱེད་བཞུགས།
མཛད་པ་པོ། ཤཱཀྱའི་དགེ་སྦྱོང་མ་མུ་མེད་ཡེ་ཤེས་མཚོ་མོ།
མ་རིག་མུན་སེལ་རྗེ་བཙུན་འཇམ་པའི་དབྱངས། །
བརྩེ་ཆེན་སྙིང་རྗེའི་དབང་ཕྱུག་སྤྱན་རས་གཟིགས། །
རྒྱལ་ཀུན་གསང་བའི་མཛོད་འཛིན་མཐུ་ཆེན་ཐོབ། །
རིགས་གསུམ་དབྱེར་མེད་ཨོ་རྒྱན་ཆེན་པོར་འདུད། །
འཇིག་རྟེན་འདི་ན་བཀའ་དྲིན་མཚུངས་མེད་པའི། །
འདྲེན་མཆོག་བླ་མ་འདོད་འབྱུང་ཡིད་བཞིན་ནོར། །
འཇམ་དཔལ་དཔའ་བོའི་ངོ་བོར་བཞུགས་པ་དེའི། །
བྱིན་རླབས་སྣང་བས་གཏམ་འདི་དགེ་བར་མཛོད། །
སྲིད་པ་འདི་ན་འདྲ་མིན་སྡུག་བསྔལ་མང་། །
འདི་ལས་ཐར་བའི་ཐབས་ཤིག་འཚོལ་དགོས་ན། །
སྟོན་པ་མཆོག་དེས་གསུངས་པའི་ཆོས་དེ་ལས། །
ལམ་གཞན་སུས་ཀྱང་མ་གསུངས་གསུང་མི་འགྱུར། །
རབ་འབྱམས་རྒྱལ་བའི་ཆོས་ཚུལ་མཐའ་དག་གི །
གནད་ཆིངས་ལྟ་སྒོམ་སྤྱོད་པ་རྣམ་གསུམ་སྟེ། །
ཐབས་མཆོག་འདི་ལས་སྔར་ནས་ད་ལྟའི་བར། །
ཐར་བའི་ལམ་ལ་གཤེགས་པའི་གྲངས་མི་ལང་། །
ལྟ་བའི་གནད་ལ་ཐེག་པའི་རྣམ་གྲངས་དང་། །
མཐུན་པའི་གྲུབ་མཐའི་བཤད་སྒྲོས་མང་ན་ཡང་། །
ཀུན་ལས་ཁྱད་འཕགས་འོད་གསལ་རྫོགས་པ་ཆེའི། །
ཆོས་འདི་དུས་བབ་གདུལ་བྱའི་བློ་དང་འབྲེལ། །
དུས་ཀྱི་མཐའ་འདིར་སྐྱེ་བོ་ཐམས་ཅད་ཀུན། །
སྣ་ཚོགས་རྣམ་པར་གཡེང་བའི་གཞན་དབང་གིས། །
རྒྱ་མཚོའི་རླབས་བཞིན་རྣམ་རྟོག་མང་བའི་སྐབས། །
གདམས་པ་འདི་ཡི་ཟབ་ཁྱད་ལྷག་ཏུ་མངོན། །
ཤེས་བྱའི་ཆོས་ལ་བློ་གྲོས་ཡངས་པའི་ཕྱིར། །
ཀུན་ལ་ཐོས་པས་སྒྲོ་འདོགས་གཅོད་དགོས་ཀྱང་། །
མང་མང་སྦྱངས་པའི་དོན་པོ་སེམས་ཀྱི་གཤིས། །
གཅིག་མ་ཤེས་ན་ལོང་བ་རྐང་འཁྱམ་འདྲ། །
བརྒྱུད་གསུམ་བླ་མའི་བྱིན་རླབས་ཉི་མའི་འོད། །
བློ་ལྡན་གང་གི་སྙིང་ལ་ཞུགས་པ་ལས། །
སེམས་ཀྱི་གནད་གསང་ཤེས་པའི་སྐྱེས་བུ་དེ། །
བསྟན་པའི་གསང་མཛོད་མཆོག་ལ་དབང་བ་ལགས། །
མདང་སུམ་འཁྲུལ་བའི་རྨི་ལམ་ལྟ་བུ་ཡི། །
ཕྱི་རོལ་ཡུལ་གྱི་སྣང་བ་སྣ་ཚོགས་ལ། །
མ་བརྟགས་བདེན་པར་བཟུང་ནས་ཆགས་སྡང་གིས། །
འཁོར་བའི་གནས་འདིར་ད་ལྟའི་བར་དུ་ལུས། །
དེས་ན་ལུང་རིགས་མན་ངག་ལ་བརྟེན་ནས། །
གང་སྣང་ཡུལ་གྱི་བཀོད་པ་སྣ་ཚོགས་འདི། །
མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ལས། །
རང་དབང་ཚུགས་ཐུབ་མེད་པར་ཤེས་དགོས་ཀྱང་། །
རྒྱ་མཚོ་རླུང་གིས་གཡོས་པའི་དཔེ་བཞིན་དུ། །
ཅི་སྣང་སེམས་ཀྱི་རྣམ་འགྱུར་ཙམ་ཡིན་པས། །
སེམས་ཉིད་གཉུག་མའི་རང་ཞལ་ངོ་ཤེས་ན། །
འཁྲུལ་བའི་རང་མཚང་རྟོགས་པ་དཀའ་བ་མིན། །
བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྙིང་པོའི་གནད། །
པད་འབྱུང་བཱི་མའི་ཐུགས་ཀྱི་དྭངས་མའི་བཅུད། །
མཚུངས་མེད་བླ་མའི་ཞལ་གསུང་མ་ནོར་བ། །
ཚིག་བརྒྱའི་འགག་དོན་དྲིལ་ན་འདི་ལྟར་ལགས། །
ཡོད་ཡོད་གྲུབ་གྲུབ་ལྟ་བུའི་སེམས་འདི་ལ། །
བློ་རྩེ་ནང་དུ་བསྐོར་ནས་ཡང་ཡང་ལྟོས། །
ལྟ་མཁན་བལྟ་རྒྱུ་མེད་པའི་རང་བབས་དེ། །
གསལ་དང་སྟོང་དང་ཟུང་འཇུག་ཀུན་ཚང་ཡིན། །
བློ་ལས་འདས་པའི་ཆོས་ཉིད་རྣལ་མ་ལ། །
སླ་བས་ཡིད་མ་ཆེས་ནས་གསལ་སྟོང་སོགས། །
བློ་བཟོས་ལྷན་པ་མང་པོ་འདེབས་པ་ནི། །
ཡིད་བཞིན་ནོར་བུ་འདམ་གྱིས་སྦགས་པ་ཡིན། །
ཆོས་ཉིད་ལྟ་བའི་རང་ངོ་ཤེས་ཙམ་ལ། །
ཕལ་བའི་སྐྱེ་བོ་གཞན་དང་མི་མཚུངས་པའི། །
མངོན་ཤེས་ཉམས་སྣང་རྫུ་འཕྲུལ་གྲུབ་རྟགས་སོགས། །
བློ་ལས་འདས་པའི་ཡོན་ཏན་གཞན་མེད་ཀྱང་། །
ཉི་མའི་འོད་དང་ཅི་ཙམ་ཉེ་བ་ན། །
རྩི་ཤིང་ནགས་ཚལ་རྡོ་ཡང་སྲེག་པ་བཞིན། །
ཡིན་ལུགས་དེ་ཡི་རང་བབས་བསྐྱངས་པ་ན། །
སྒྲིབ་པ་མཐའ་དག་མྱུར་བ་ཉིད་དུ་འཛད། །
འཁྲུལ་བའི་མུན་པ་ཅི་ཙམ་སྲབ་པའི་ཚེ། །
འོད་གསལ་གཉུག་མའི་གཤིས་ལ་གནས་པ་ཡི། །
བདེ་གཤེགས་སྙིང་པོའི་ཡོན་ཏན་མཐའ་དག་ཀུན། །
འབད་པ་མེད་པར་ཤུགས་ཀྱིས་མངོན་པ་ལགས། །
དེ་ཕྱིར་ལྟ་བའི་རང་བཞིན་ཤེས་ན་ཡང་། །
རྣམ་པར་གཡེང་བའི་ཚོགས་ཀུན་རྒྱང་བསྲིངས་ཏེ། །
ཉིན་མཚན་ཀུན་ཏུ་བསྒོམ་པས་མ་འབད་ན། །
ཐར་བའི་ལམ་ལ་བགྲོད་པར་མི་ནུས་པས། །
མི་ལ་རས་པ་ཀློང་ཆེན་རབ་འབྱམས་སོགས། །
དམ་པ་གོང་མའི་རྣམ་ཐར་ལ་བལྟས་ནས། །
འཇིག་རྟེན་ཆོས་བརྒྱད་གཡེང་བ་རྒྱུན་བཅད་དེ། །
སྙིང་པོའི་ཉམས་ལེན་སྐྱོང་བ་ཤིན་ཏུ་གལ། །
ལྟ་བའི་གནས་ལུགས་ཚུལ་བཞིན་ངོ་ཤེས་ཚེ། །
སྒོམ་པའི་ཉམས་ལེན་སྐྱོང་ཚུལ་གཞན་ཞིག་མེད། །
ཡིན་ཚུལ་དེ་ལ་དྲན་པའི་རྒྱང་སོ་ཚུགས། །
དྲན་ཡོད་སྒོམ་ཡོད་དྲན་མེད་སྒོམ་མེད་ཡིན། །
ནམ་ཞིག་རི་ཁའི་སོ་བ་ལྟ་བུ་ཡི། །
དྲན་པ་དེ་ཡང་དབྱིངས་སུ་དག་དགོས་ཀྱང་། །
དང་པོའི་ལས་ཅན་ལམ་ལ་ཞུགས་པའི་དུས། །
དྲན་པ་འདི་ལ་ནམ་ཡང་གཙིགས་སུ་ཟུང་། །
ཀ་དག་ཆོས་སྐུའི་ལམ་དེ་བསྐྱངས་པ་ཡིས། །
ཚེ་གཅིག་ཟུང་འཇུག་གདོད་མའི་སར་གཤེགས་ཀྱང་། །
ལྷུན་གྲུབ་འོད་གསལ་སྣང་ཆའི་ཉམས་ལེན་དང་། །
འབྲེལ་ན་ལམ་ཐག་ཉི་ཟླའི་འགྲོས་ལས་མྱུར། །
ཐ་མལ་མ་དག་འཁྲུལ་བའི་ལས་སྣང་འདི། །
ཟང་ཐལ་འཇའ་དང་འོད་དུ་གྲོལ་བའི་ཕྱིར། །
ཐོད་རྒལ་དབྱིངས་ཐིག་རིག་པའི་འཆར་སྒོ་ལ། །
གོམས་པ་སྒོམ་གྱི་ཡང་རྩེ་ཡིན་ན་ཡང་། །
ཁྲེགས་ཆོད་ལྟ་བ་གདེང་དུ་མ་གྱུར་ན། །
སྟོང་གཟུགས་དག་སྣང་ལམ་དུ་འགྲོ་དཀའ་བས། །
ཕྱོགས་སུ་མ་ལྷུང་གསལ་སྟོང་ཟུང་འཇུག་གི །
ཉེ་ལམ་འདི་ཉིད་ཆོས་ཀྱི་སྙིང་པོར་ཟུང་། །
མཐོན་པོའི་རི་ལ་འཛེགས་ན་གཡང་ས་ཆེ། །
ཟབ་མོའི་ཆོས་ལ་བསླབས་ན་འགལ་རྐྱེན་མང་། །
དེ་ལ་དམ་ཅན་སྲུང་མའི་གསོལ་མཆོད་དང་། །
བླ་མའི་མོས་གུས་ཁོ་ན་མཆོག་ཏུ་ཟབ། །
སེམས་ཀྱི་སྒོམ་པ་ལུས་ངག་སྤྱོད་པ་དང་། །
འབྲེལ་བའི་སྒོ་ནས་བོགས་སྐྱེད་འདོན་དགོས་པས། །
མདོ་དང་སྔགས་ཀྱི་གཞུང་ལུགས་དུ་མ་ལས། །
སྤྱོད་པའི་རྣམ་གྲངས་མང་ཞིག་གསུངས་ན་ཡང་། །
ངེས་པར་འབྱུང་བའི་རླན་དང་ལྡན་པ་ཡི། །
དྲི་མེད་འདུལ་ཁྲིམས་གཙང་མའི་ཞིང་ས་དེ། །
ཡོན་ཏན་ཀུན་གྱི་གཞི་མ་ཡིན་པས་ན། །
སྤྱོད་པ་ཀུན་གྱི་མཆོག་ཏུ་ཤེས་པར་གྱིས། །
རང་དོན་ཕུགས་སུ་བཅུག་པ་མ་ཡིན་པར། །
ཁ་སེམས་མཐུན་པའི་བཅོས་མིན་སྙིང་རྗེ་ཡིས། །
གཞན་ལ་ཕན་པའི་བྱ་བ་ཆུང་ངུནས། །
སློབ་པ་རྒྱལ་སྲས་སྤྱོད་པའི་སྲོག་ཤིང་ཡིན། །
ཐེག་མཆོག་རྫོགས་པ་ཆེན་པོའི་རང་ལུགས་ལ། །
འགྲོ་འདུག་སྤྱོད་ལམ་རྣམ་བཞི་ཅི་བྱེད་ཀྱང་། །
གནས་ལུགས་ལྟ་བའི་གྲོགས་སུ་འཁྱེར་ཤེས་པ། །
མཉམ་རྗེས་འདྲེ་བའི་སྤྱོད་པ་ཁྱད་འཕགས་ལགས། །
ཁྱད་པར་གཉིད་དང་རྨི་ལམ་འཁྲུལ་བའི་ཆ། །
འོད་གསལ་གཉུག་མའི་དབྱིངས་སུ་བསྲེ་བ་ཡི། །
ལམ་འཁྱེར་སྤྱོད་པའི་གནད་ལ་བསླབས་བྱས་ན། །
བར་དོའི་འཁྲུལ་བ་བཟློག་པའི་ཟབ་གནད་ཚང་། །
དེ་ལྟར་བརྩོན་པས་གོམས་པ་ཡུན་བསྲིངས་ཚེ། །
སྙིགས་མའི་མི་ཚེ་ཐུང་ངུ་ཙམ་རེའི་ཡུན། །
བསྐལ་ཆེན་གྲངས་མེད་དུ་མའི་ཚོགས་རྫོགས་ནས། །
གདོད་མའི་བཙན་ས་ཟིན་པའི་ཆེ་བ་ཡོད། །
གལ་ཏེ་ཉམས་ལེན་མཐའ་རུ་མ་ཕྱིན་པར། །
གློ་བུར་འཆི་བ་ཐོག་ཏུ་སླེབས་ན་ཡང་། །
དག་པའི་ཞིང་ལ་འདུན་མ་སྔོན་བཏང་སྟེ། །
ངོ་ཤེས་ལྟ་བའི་ངང་ལ་བཞག་པ་ན། །
འོད་མཚན་སྟོང་འབར་ཐུགས་བསྐྱེད་སྨོན་ལམ་དང་། །
མཚུངས་མེད་བླ་མའི་དུས་བབ་འཕྲིན་ལས་ཀྱིས། །
བདེ་ལྡན་པདྨོ་བཞད་པའི་ཞིང་ཁམས་སུ། །
སྐྱེ་བའི་སྐལ་བཟང་མཆིས་སོ་གྲོགས་པོ་དག །
ཐེག་པ་མཆོག་གི་ལྟ་སྒོམ་སྤྱོད་པ་ལ། །
ཉེ་བར་མཁོ་བའི་གདམས་པ་ཉུང་ངུ་འདི། །
རང་ལ་ལྟོས་པའི་ཐར་འདོད་འགའ་རེ་ལ། །
ཕན་པའི་བློ་ཡིས་ཡི་གེའི་རིས་སུ་ཕབ། །
དགེ་བས་གཏམ་འདི་མཐོང་ཐོས་དྲན་པ་ཡི། །
སྐྱེ་བོ་ཀུན་ལ་བླང་དོར་རྣམ་གསལ་བའི། །
ཡང་དག་ལམ་གྱི་སྒྲོན་མེ་ཉིད་གྱུར་ཏེ། །
དམ་ཆོས་སྒྲུབ་པའི་གྲོགས་སུ་འགྱུར་བར་ཤོག །
ཅེས་པ་འདི་ནི་རང་ལ་དད་འདུན་ཆེ་བའི་བཙུན་མ་འགས་བླ་རུང་པདྨ་མཁའ་འགྲོའི་འདུ་གླིང་གི་བཙུན་མ་ཡོངས་ཀྱི་གཙོས་སློབ་ཚོགས་རྣམས་ལ་ཞལ་གདམས་ཤིག་འབྲི་དགོས་པའི་སྐུལ་མ་ཡང་ཡང་གནང་བ་བཞིན་ཤཱཀྱའི་དགེ་སྦྱོང་མ་མུ་མཚོས་རབ་རྒྱན་ཆུ་སྟག་ལོའི་ཟླ་༧ ཚེས་༢༥ཉིན་བླ་རུང་རང་གནས་མཁའ་སྤྱོད་བདེ་ཆེན་འབར་བའི་ཕོ་བྲང་དུ་སྨྲས་པ་མཁན་མོ་དོན་སྐྱིད་ཀྱིས་ཡི་གེར་སྦྱར་བ་དགེའོ། ། ། །