དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ཀྱི་ཞལ་ནས་འཛམ་གླིང་སྤྱིས་ཡེ་ཤུའི་ལོ་གསར་ཡིན་ན་འདྲ། གལ་ཆེན་གྱི་དུས་ཆེན་ཁག་མཉམ་དུ་རོལ་བཞིན་ཡོད་པ་ལས་ཁོར་ཡུག་གི་གནས་སྟངས་ཅུང་ཙམ་གྱིས་མཉམ་དུ་དུས་ཆེན་བརྩི་སྲུང་མི་ཐུབ་པའི་དཀའ་ངལ་ཡོང་གིན་ཡོད་པ་མ་རེད། བོད་ལ་རྩིས་རིག་ཡོད། བོད་ཀྱི་ལོ་གསར་ལ་ལོ་ངོ༢༠༠༠ལྷག་གི་ལོ་རྒྱུས་ཡོད། བོན་གྱི་རྩིས་རིག་སོགས་ལ་ལོ་རྒྱུས་ཧ་ཅང་རིང་པོ་ཡོད་པ་རེད། བོད་ལ་རྩིས་རིག་མེད་ཅེས་བཤད་མཁན་ཚོས་ནི་གཞན་བསྟུན་གྱི་བྱ་བ་ཞིག་ཡིན་པ་ཤེས་སོང་སོགས་གསུངས།
བོད་པས་བོད་ཀྱི་སྐར་རྩིས་ལྟར་ལོ་སར་དགོས་ཚུལ་གྱི་གསུང་བཤད།
མི་རིགས་རང་གི་རིག་གནས་དང་ཡུལ་སྲོལ་ལ་བདག་པོ་བརྒྱབ་དགོས།
ཀྲུང་ཧྭ་མི་རིགས་ཐམས་ཅད་ཀྱི་ཁྲོད་ན་རང་ཅག་བོད་པ་ནི་རིག་གཞུང་གྱ་ནོམ་པ་མངའ་བའི་མི་རིགས་ཤིག་ཡིན་ལ། ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་རང་གི་རིག་གནས་དང་ཡུལ་སྲོལ་རྣམས་བདག་སྤྱོད་བྱེད་པའི་དབང་ཆ་གནང་བའི་དུས་འདིར་རང་གི་སྐད་ཡིག་སོགས་རིག་གནས་དང་ལོ་སར་སོགས་ཡུལ་སྲོལ་གལ་ཆེན་རྣམས་རེ་རེ་ནས་བདག་པོ་རྒྱབ་པ་སྟེ། བཀོལ་སྤྱོད་བྱེད་པའི་གོམས་གཤིས་ཡོད་དགོས། སྟབས་བདེ་བའང་བཀོལ་དགོས་པ་དང་། སྟབས་མི་བདེ་བ་ངེས་ཅན་ཞིག་ཡོད་ནའང་མི་རིགས་ཀྱི་ཆེད་དུ་བཀོལ་རྒྱུར་ཆོད་སེམས་ཡོད་དགོས་པ་རེད། འཇིག་རྟེན་འདིར་ཉམས་སོང་བའི་ཡུལ་སྲོལ་རིག་གནས་རྣམས་ཀྱང་རེ་རེ་བཞིན་རིམ་གྱིས་ཉམས་སོང་བ་ལས་མར་མེ་ཤི་བ་བཞིན་ཐམས་ཅད་ལྷན་ཅིག་ཏུ་ཤི་སོང་བ་མིན་ལ། དེ་ལྟར་གོ་ནས་བསྒྲུབ་པ་ནི་མི་རིགས་ལ་གཅེས་པ་ཡིན་ནོ། །
རྩིས་གཅིག་གྱུར་ཡོང་མིན་ནི་དུས་ཆེན་གཅིག་གྱུར་ཡོང་མིན་ལ་ཐུག་པས་གལ་ཆུང་ཞིག་ཏུ་རྩི་མི་རུང་།
སྒོ་ཤེས་རབ་རྒྱ་མཚོ།
རྔ་པའི་ཕྱོགས་ལྟ་བུར་མཚོན་ན། ལོ་སར་དང་དུས་ཆེན་རྣམས་རྒྱ་རྩིས་ལ་བསྟུན་པ་ཙམ་མ་གཏོགས། ནམ་རྒྱུན་ཉིན་རེའི་གཟའ་སྐར་འཕྲོད་སྦྱོར་ལེགས་མིན་སོགས་སྒོ་ཀུན་ནས་བོད་ལྗོངས་སྨན་རྩིས་ཁང་གི་ལོ་ཐོ་ཁོ་ནར་ལྟ་བཞིན་ཡོད། རང་ལུགས་ཀྱི་རྩིས་ལས་བྱུང་བའི་ལོ་ཐོ་ཟེར་བ་ཤོག་ལྷེ་ཙམ་ཡང་མེད་ལ། དབྱར་དུས་རྒྱའི་གླིང་རྩིས་ཀྱི་རི་མོ་ཞིག་དགོན་པ་ཚོའི་འདུ་ཁང་སྒོ་འཕྱོར་དུ་བཤམས་སྲོལ་ཡོད་ཀྱང་ཕལ་ཆེར་བོད་ལྗོངས་ཀྱི་ལོ་ཐོའི་ཐོག་ལས་བཤུས་པ་ལྟ་བུ་ཡིན། དགོན་པར་ཟླ་ལྷག་ཡོད་མེད་ཀྱང་དགེ་སྐོས་དང་མཁན་པོ་སོགས་ལས་སྣེས་གྲོས་བསྡུར་ནས་ཐག་གཅོད་ཀྱིན་པ་ལས་རྩིས་མཁན་ཚོས་ཐག་གཅོད་ཀྱི་མེད། དེས་ཕྱིར་ན། རྩིས་ཡུལ་དབུས་ལ་བསྟུན་ཚེ་མདོ་སྨད་ཀྱི་རིག་པའི་གཞུང་ལུགས་གཞན་ཞིག་ཉམས་རྒུད་དུ་འགྲོ་བའི་དོགས་ནི་གཏན་ནས་མི་དགོས་པར་སྣང་སྟེ། མ་གཞི་ནས་མེད་པའི་ཕྱིར་རོ། །
མདོར་ན། རྩིས་གཅིག་གྱུར་ཡོང་མིན་ནི་དུས་ཆེན་གཅིག་གྱུར་ཡོང་མིན་ལ་ཐུག་པས་གལ་ཆུང་ཞིག་ཏུ་རྩི་མི་རུང་། དུས་ཆེན་རོལ་བ་ནི། མི་རྣམས་ཀྱི་སེམས་ལ་བག་ཆགས་ཟབ་ཅིང་། མཐོང་ཚུལ་ལའང་མངོན་གསལ་དོད་པའི་གོམས་སྲོལ་ཞིག་རེད། རྒྱུ་མཚན་དེའི་གནད་ཀྱིས། རྒྱལ་ཁབ་འདིའི་གཞུང་བཙུགས་སློབ་གྲྭ་རྣམས་སུ་ཡང་། རྒྱལ་སྤྱིའི་དུས་ཆེན་རེ་ཟུང་ལ་ངལ་གསོ་གཏོང་བ་ལས་གཞན་དུ། དྭངས་གསལ་དུས་ཆེན(清明节)དང་། ལྔ་རྩེག་དུས་ཆེན། (端午节)ཟླ་མཆོད་དུས་ཆེན། (中秋节)སོགས་རྒྱའི་གནའ་བོའི་སྲོལ་རྒྱུན་དུས་ཆེན་ཀུན་ལ་ངལ་གསོ་བཞག་ནས། བྱིས་པའི་སེམས་ངོར་རིག་གནས་ཀྱི་བག་ཆགས་བསྒོ་ཡི་འདུག བག་ཆགས་འཇོག་སྟངས་དེ་ནི་ཤེས་རིག་གི་རྩ་བ་ངོས་འཛིན་ཕྱོགས་ཀྱི་མྱོང་ཁྲིད་ཅིག་ཏུ་མཐོང་།
བོད་ལ་མཚོན་ན། དེ་སྔོན་རྒྱལ་ཁབ་གཞུང་ངོས་ནས་ཁས་ལེན་པའི་དུས་ཆེན་གཅིག་མ་གཏོགས་མེད། དེ་ནི་བོད་ཀྱི་ལོ་སར་རེད། དེ་རིང་ཁྱོད་ཚོའི་藏历新年རེད་ཟེར་བོད་རིགས་ཁུལ་ཕལ་མོ་ཆེའི་ལས་ཁུངས་ཁག་ལའང་ངལ་གསོ་ཅུང་ཟད་འཇོག་པ་ལྟ་བུ་རྟེན་འབྲེལ་ཞུ་བའི་རྣམ་འགྱུར་རེ་སྟོན་གྱི་འདུག ལྷ་ས་རུ་ཞོ་སྟོན་ལ་ངལ་གསོ་འཇོག་པ་ལྟ་བུ་ནི་ཡུལ་གྱི་བྱེ་བྲག་གི་གནས་ཚུལ་ཙམ་ལས་སྤྱི་ལ་ཁྱབ་པ་ཞིག་མ་རེད། རྒྱལ་ཁབ་གཞུང་ངོས་ནས་བོད་ཀྱི་ལོ་སར་དུ་ཁས་ལེན་པ་དེ་ཉིད་ཀྱང་། བོད་ཀྱི་ལུང་པ་འགས་རང་གི་ལོ་སར་ལ་མི་རྩི་བར་རྒྱའི་དཔྱིད་སར་དུས་ཆེན་རོལ་གྱི་ཡོད་པ་རེད། “དེ་རིང་རྒྱ་ལོའི་ཚེས་གཅིག་རེད” ཟེར་ནས་འུར་རྒྱག་གི་ཡོད་པ་རེད།
དེའི་མིང་ལ་གོ་སྐབས་འཛིན་མི་ཤེས་ཟེར་བ་རེད། དེའེ་མིང་ལ་ཐོབ་ཐང་ལོངས་སྤྱོད་མི་ཤེས་ཟེར་བ་རེད།
ཐུན་མོང་གི་དུས་ཆེན་གཅིག་པོ་ཡང་དེ་ལྟར་སྣང་མེད་དོར་རྗེས། བོད་མི་ཀུན་གྱིས་ཉི་མ་གཅིག་ཏུ་རོལ་པའི་དུས་ཆེན་ཞིག་གཏན་མེད་དུ་གྱུར་བ་རེད། ཆོས་ཕྱོགས་ཀྱི་དུས་ཆེན་དང་། ཆོས་ཕྱོགས་མིན་པའི་དུས་ཆེན་ཐམས་ཅད་ལ་དེ་ལྟར་རོ། །
ཉིན་གཅིན་དུས་གཅིག་ལ་མཉམ་དུ་རོལ་བའི་དུས་ཆེན་ཞིག་ཀྱང་མེད་ན། བོད་ཐམས་ཅད་ཤེས་རིག་གསེར་གྱི་ཐག་པ་གཅིག་སྦྲེལ་ཡོད་ཅེས་པའང་ཁ་གཡང་ཙམ་དུ་མ་གྱུར་རམ། སྐབས་རེར་རྩིས་གཅིག་མཐུན་འབྱུང་བ་ནི་དམིཊ་བསལ་གནས་ཚུལ་ཙམ་མོ། །
དུས་ཆེན་ལ་རྔན་པ་རག་པས་བྱིས་པ་ཚོ་བག་ཆགས་ཟབ་ཀྱི་རེད། དུས་ཆེན་ལ་ངལ་གསོ་གཏོང་བས་སློབ་མ་དང་ལས་བྱེད་ཚོར་བག་ཆགས་ཟབ་ཀྱི་རེད། དུས་ཆེན་ལ་གྲོགས་པོ་འཛོམས་པས་ན་གཞོན་ཕོ་མོ་ཚོར་བག་ཆགས་ཟབ་ཀྱི་རེད། དུས་ཆེན་ལ་མཆོད་མཇལ་བྱེད་པས་རྒན་རྒོན་ཚོར་བག་ཆགས་ཟབ་ཀྱི་རེད། དུས་ཆེན་ལ་ནང་མི་འཛོམས་པས་ཀུན་ལ་བག་ཆཊ་ཟབ་ཀྱི་རེད། དུས་ཆེན་ནི་གལ་ཆུང་ཞིག་ལར་ནས་མ་ཡིན་ལ། དུས་ཆེན་མཉམ་རོལ་ནི་དེ་ལས་ཀྱང་གལ་ཆུང་ཞིག་མ་ཡིན་ནོ། །
ཇི་སྐད་སྨྲས་པ་དག་ནི། རང་སྡེའི་རིགས་ལ་བློ་དཀར་བའི་གཏམ་ཙམ་ཡིན་གྱི། བསྙད་འཚོལ་ཕྱིར་དང་འུར་སློང་ཕྱིར་བྱས་པ་མ་ལགས་མོད། དེ་འདྲ་རེད་ཟེར་ཏེ་སྡིགས་འདོད་མཁན་ཚོས་ཁ་ན་བའི་བར་དུ་སྡིགས་དང་ལན་ཚིག་གཅིག་མི་ཞུའོ།།
མཁས་དབང་སྒོ་ཤེས་རབ་རྒྱ་མཚོས་མཛད་པའི་རྩ་བ་གར་ཡོད་ཤེས་པར་གྱིས་ཞེས་པའི་རྩོམ་ཡིག་ལས་ཁོལ་དུ་བྱུང་བའོ།།
སེར་ཤུལ་ལྷ་རམས་པ་དགེ་བཤེས་བཀྲ་ཤིས་བསོད་ནམས།
ལོ་སར་ལ་རོལ་བཞིན་པའི་བོད་རིགས་སྤུན་ཟླ་རྣམས་ལ་འཚམས་འདྲི་དང་འབྲེལ་ཏེ་ཤེས་དགོས་པ་ནི་བོད་ལ་ནང་བསྟན་ཆོས་ལུགས་ཀྱི་གཙོས་པའི་རང་གི་རིག་གནས་ཕུན་སུམ་ཚོགས་པ་ཡོད་ཅེས་ཀུན་གྱིས་གླེང་བཞིན་ཡོད། དེ་ཡང་བདེན་པ་རེད། འོན་ཏེ། རིག་གནས་ཡོད་པས་མི་ཕན་ཏེ་རིག་གནས་ཇི་བཞིན་ལག་བསྟར་བྱེད་དགོས་པ་ནི་ཤིན་ཏུ་གལ་ཆེན་རེད། བོད་ལ་བོད་ཀྱི་སྐར་རྩིས་ཡོད་བཞིན་དུ་གལ་ཆེ་བའི་སྲོལ་རྒྱུན་དུས་ཆེན་རྣམས་ཞིང་རྩིས་ཁོ་ན་བརྩིས་ཏེ་རོལ་ན་བོད་ཀྱི་སྐར་རྩིས་ཀྱིས་ཅི་བྱེད། དགོས་པ་མེད་པས་སོ།།
མདོར་ན་རང་གི་རིག་གནས་སྲུང་འཛིན་འདོད་ན་ཁ་གཡར་ས་དང་སྟབས་ཅུང་ཙམ་བདེ་མིན་ལ་མི་བལྟ་བར་ཤེས་ཡོན་པ་རྣམ་པ་གཙོས་ཚང་མས་མཉམ་དུ་ལོ་སར་སོགས་གཅིག་གྱུར་གྱིས་བརྩི་སྲུང་ལ་འབད་པ་གནང་རྒྱུ་ནི་གནད་དམ་པ་ཞིག་ཡིན་པ་ཅིས་ཀྱང་མཁྱེན་དགོས་སོ།།
དོ་དམ་པས།