གངས་ཅན་བོད་མིའི་འབྱུང་གནས། ཤེས་རིག་དར་བའི་ལྷོ་ཁ།

健康   2025-01-31 18:32   四川  

 མཐོ་མཐོ་གངས་རི་ཡར་ལྷ་ཤམ་པོའི་གངས་ཆུ་ས་ལ་བཞུར་བ་ཡིས། །
དམའ་དམའ་ཡར་ཀླུང་ས་གཞིའི་སྟེང་ལ་འགྲོ་བ་མི་ཡི་ཤེས་དཔལ་དར། །

ཆུང་ཆུང་ཡར་ཀླུང་ཚོ་པ་ཁག་གིས་གཉའ་ཁྲི་བཙན་པོ་རྗེ་བོར་བཀུར། །

ཆེ་ཆེ་སྤུར་རྒྱལ་བཙན་པོའི་མངའ་ཐང་ཡར་ཀླུང་གཞུང་ནས་ས་མཐར་མཆེད། །

ཞེས་ཚིགས་སུ་བཅད་པས་སྔུན་བསུས་ཏེ་ལྷོ་ཁ་གྲོང་ཁྱེར་རམ་ཡར་ཀླུང་དུ་འབོད་པའི་ཡུལ་འདི་ཉིད་མཚོ་བོད་མཐོ་སྒང་གི་གངས་ཏི་སིའི་རི་རྒྱུད་ཀྱི་ལྷོ་ངོས་དང་། ཡར་ཀླུང་གཙང་པོའི་དཀྱིལ་སྨད་དུ་གནས་ཤིང་། བྱང་ངོས་ལྷ་ས་གྲོང་ཁྱེར་དང་འབྲེལ་བ་དང་། ཤར་ངོས་ཉིང་ཁྲི་གྲོང་ཁྱེར་དང་འབྲེལ་བ། ནུབ་ངོས་གཞིས་རྩེ་ས་ཁུལ་དང་འབྲེལ་བ། ལྷོ་ངོས་ཕྱིའི་རྒྱལ་ཁབ་རྒྱ་གར་དང་འབྲུག་ཡུལ་དང་འབྲེལ་ཞིང་།  ལྷོ་ཁ་གྲོང་ཁྱེར་གནས་ཡུལ་ནི་སྣེ་གདོང་ཁུལ་ཁོངས་ཀྱི་གནའ་བོའི་གྲོང་བརྡལ་རྩེད་ཐང་གཞུང་དུ་ཡིན། གྲོང་ཁྱེར་འདིའི་མངའ་ཁོངས་ལ་རྫོང་ཁག་བཅུ་གཉིས་ཡོད་པར་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི་7.35ཙམ་ཡོད་པ་དང་། རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྤྱི་ཁྲེ་3700ཟིན་གྱི་ཡོད། གནས་འདིའི་ས་གཞིའི་ཐོག་རྒྱུན་སྡོད་མི་རིགས་ཁྲོད་དུ་བོད་རིགས་གཙོ་བྱས་པའི་རྒྱ་རིགས་དང་ཧུའེ་རིགས། མོན་པ་རིགས་།  ལྷོ་པ་རིགས་སོགས་མི་རིགས་25ཙམ་ཕན་ཚུན་མཛའ་མཐུན་འཚོ་བར་རོལ་བཞིན་མཆིས།


ལྷོ་ཁ་ནི་བོད་མི་རིགས་ཀྱི་གནའ་མིའི་འབྱུང་གནས་ཡིན།

ལྷོ་ཁ་ནི་དུས་ཕྱིས་སུ་བྱུང་བའི་ཡུལ་མིང་ཞིག་ཡིན་ཞིང་།  གནས་འདིའི་གནའ་དུས་ཀྱི་མིང་ལ་ཡར་ལུང་སོ་ཁའམ་ཡུལ་ཡར་མོ་ཀླུངས་ཆེན་དུ་འབོད།

འབྲེལ་ཡོད་ཡིག་ཆ་དང་དམངས་ཁྲོད་ཀྱི་ངག་རྒྱུན་ལྟར་ན་ཧ་ལམ་མི་ལོ་བཞི་ཁྲི་ལྷག་གི་གོང་རོལ་ནས་ལྷོ་ཁ་ཡར་ཀླུང་ཁུལ་དུ་འགྲོ་བ་མི་འཚོ་སྡོད་བྱེད་ཀྱི་ཡོད། བོད་མི་རིགས་ཀྱི་འབྱུང་ཁུངས་ཐད་ནས་བཤད་ནའང་ཡོངས་གྲགས་སུ་ཡུལ་འདིའི་རྩེད་ཐང་མགོན་པོ་རི་ལྡེབས་ཀྱི་བྲག་ཕུག་ཏུ་གནས་པའི་ཕ་སྤྲེལ་རྒན་བྱང་ཆུབ་སེམས་པ་དང་མ་བྲག་སྲིན་གཉིས་ལས་གདོད་མའི་སྤྲ་མི་འཕེལ་བ་དང་། སྤྲ་མི་དེ་རྣམས་ཀྱང་རིམ་བཞིན་བོད་མིའི་མེས་པོར་འཕེལ་འགྱུར་བྱུང་བ་ཡིན་ལ། ད་ལྟའི་རྩེད་ཐང་ཞེས་པའི་མིང་ཡང་སྤྲེའུ་རྣམས་རྩེད་མོ་རྩེད་སའི་ཐང་ཡིན་པ་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་ཞིག་ཡིན་སྐད།


ལྷོ་ཁ་ནི་བོད་མི་རིགས་ཀྱི་གནའ་བོའི་ཤེས་རིག་དར་ཡུལ་ཡིན།


བོད་ཀྱི་ལོ་རྒྱུས་ཡིག་ཚང་ནང་འཁོད་པ་ལྟར་ན། གནའ་སྔ་མོ་ཡུལ་འདིར་རུས་རྒྱུད་ཀྱི་ཚོ་པའམ་རྒྱལ་ཕྲན་སིལ་མ་དྲུག་ཡོད་པ་དེ་དག་གི་སྤྱི་མིང་ལ་བོད་ཀ་གཡག་དྲུག་ཟེར་ཞིང་། དེ་དག་དྲུག་པོ་ནི་བོད་རིགས་ཀྱི་ཐོག་མའི་རུས་རྒྱུད་བསེ་དང་། རྨུ། ལྡོང་། ལྟོང་། དབྲ། འབྲུ་བཅས་ཡིན་པར་གྲགས། རྗེས་སུ་བོད་ཀ་གཡག་དྲུག་མཉམ་འབྲེལ་བྱས་ཏེ་སྤོ་བོའི་ཡུལ་ནས་ཕེབས་པའི་ན་གཞོན་བློ་རིག་ཅན་ཨུ་བེ་རའམ་གཉའ་ཁྲི་བཙན་པོ་ཚོ་དཔོན་དུ་མངའ་གསོལ་ནས་ཆབ་སྲིད་ཀྱི་ལྟེ་གནས་སྐུ་མཁར་ཡུམ་བུ་བརླ་མཁར་བསྐྲུན་པ་ནས་བཟུང་།   སྤུ་རྒྱལ་བཙན་པོའི་གདུང་རབས་དབུ་བརྙེས་ཏེ་བོད་མིའི་ཤེས་དཔལ་རིག་གསུམ་འཕེལ་རྒྱས་ཀྱི་མྱུ་གུ་གསར་དུ་འབུས་འགོ་ཚུགས།

འདི་གར་བོད་ཀྱི་གྲོང་གི་ཐོག་མ་མོན་གྲོང་ཤར་པ་དང་། ཞིང་གི་ཐོག་མ་སྦར་རས་ཞིང་།   མཁར་གྱི་ཐོག་མ་ཡུམ་བུ་བརླ་མཁར།  རྒྱལ་པོའི་ཐོག་མ་གཉའ་ཁྲི་བཙན་པོ། དགོན་གྱི་ཐོག་མ་བསམ་ཡས་དགོན། དེ་བཞིན་སྤུར་རྒྱལ་བཙན་པོའི་བང་སོ་སོགས་གནའ་ཤུལ་གྲགས་ཅན་བསམ་གྱིས་མི་ཁྱབ་པའི་འོད་སྟོང་འཕྲོ་བའི་ཤེས་རིག་མང་དག་དར་ཡོད།


ཡར་ཀླུང་ལྷོ་ཁའི་སྤྱི་ཚོགས་ཀྱི་འཕེལ་འགྱུར་ལོ་རྒྱུས།

སྤུར་རྒྱལ་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་། ཡར་ཀླུང་ཚོ་པས་ཕོ་བྲང་ཡུམ་བུ་བརླ་མཁར་ཆབ་སྲིད་ཀྱི་ལྟེ་བར་བཟུང་ཏེ་ཡུལ་ཡར་མོ་ཀླུངས་ཆེན་གྱི་ས་གཞིའི་ཐོག་ལྕགས་རིགས་བཙོ་སྦྱངས་ཀྱི་ལག་རྩལ་གསར་གཏོད་དང་། ཞིང་ལས་ཡོ་བྱད་གསར་བཟོ་བྱས་ནས་སྤང་ཐང་དང་ས་སྟོང་ཞིང་དུ་སྦོལ་བ།  ཕུ་ཆུ་ཞིང་དུ་འདྲེན་པ་དང་རྨོན་པ་དོར་བསྡེབས་ནས་ཞིང་ཁ་རྨོ་བ་སོགས་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་རྒྱ་ཆེར་ཕྱིན་པ་དང་བསྟུན། གྲོང་གི་ཐོག་མ་མོན་གྲོང་ཤར་པ་ལ་སོགས་པའི་གྲོང་ཚོ་རིམ་པར་ཆགས་ཏེ་མི་འབོར་ཇེ་མང་དུ་འཕེལ་ནས་དུས་ཕྱིས་ཀྱི་སྤུར་རྒྱལ་བཙན་པོའི་མངའ་ཐང་བོད་ཁམས་སྤྱི་ལ་སྐྱེད་པར་རྨང་གཞི་བཟང་པོ་བཏིང་ཡོད།

སྤུར་རྒྱལ་བཙན་པོའི་རྒྱལ་རབས་སོ་གཉིས་པ་གནམ་རི་སྲོང་བཙན་གྱིས་ཡར་ཀླུང་ཚོ་པའི་ཆབ་སྲིད་ཀྱི་ལྟེ་གནས་ཡར་ཀླུང་ནས་མལ་གྲོ་གུང་དཀར་གྱི་རྒྱ་མ་ཁུལ་དུ་སྤོས་ཏེ་དེ་གར་ཕོ་བྲང་བྱམས་པ་མི་འགྱུར་གླིང་བརྩིགས། དེ་ནས་བཙན་པོ་སྲོང་བཙན་སྒམ་པོ་སྲིད་ཁྲིར་འཁོད་རྗེས་ཆབ་སྲིད་ཀྱི་ལྟེ་གནས་སྐྱིད་ཤོད་ལྷ་སར་སྤོས་པས། ཡར་ཀླུང་ས་ཆ་རང་གི་འཕེལ་རྒྱས་སམ་ཤུགས་རྐྱེན་ཐེབས་ཚད་སྐྱིད་ཤོད་ལྷ་ས་དང་བསྡུར་ན་གོམ་སྟོབས་ཅུང་འགོར་དུ་སོང་མོད།  འོན་ཀྱང་བོད་ཁམས་སྤྱི་དང་འདྲ་བར་གོང་འཕེལ་གང་ལ་གང་འཚམ་བྱུང་ཡོད།

སྤུར་རྒྱལ་བཙན་པོའི་རྒྱལ་རབས་ཐོར་ཞིག་ཏུ་སོང་རྗེས། བོད་སིལ་བུའི་དུས་སྐབས་དང་། དེ་ནས་ས་སྐྱ་དང་ཕག་གྲུ། གཙང་པ་སྡེ་སྲིད། དགའ་ལྡན་ཕོ་བྲང་གི་སྲིད་དབང་རིམ་འགྱུར་ནང་ཕྱི་ནང་དམག་འཁྲུག་གི་རྒྱུ་རྐྱེན་དང་ནད་དང་མུ་གེ་ལ་སོགས་ཐོན་པའི་དབང་གིས་ཡུལ་ཡར་ཀླུང་འདི་ཉིད་འཕེལ་རྒྱས་ཀྱི་གོམ་ཤུགས་ཟད་པའི་ཁར།  མི་དམངས་མང་ཚོགས་ཀྱི་འཚོ་བ་དབུལ་ཞིང་ཕོངས་པ་ཞིག་ཏུ་གྱུར་བ་སོགས་འཛམ་གླིང་མི་རིགས་ཞན་གྱི་རྗེས་སུ་རྒྱང་ཐག་རིང་པོར་ལུས།



ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་བོད་ལ་ཞི་བའི་བཅིངས་འགྲོལ་བཏང་བ་དང་དམངས་གཙོའི་བཅོས་བསྒྱུར་བྱས་པ་བརྒྱུད། ཡར་ཀླུང་ཡུལ་གྱི་ཞིང་བྲན་རྣམས་ཀྱང་བོད་ཡོངས་ཀྱི་ཞིང་བྲན་ཁྲི་ཚོ་དང་ལྷན་དུ་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཡངས་པོར་བསྐྱོད་འགོ་ཚུགས། 

སྤྱི་ལོ་1959ལོའི་ཟླ་12པར། ལྷོ་ཁ་ཀྲོན་ཡོན་ཀུང་ཧྲུའུ་བཙུགས་པ་དང་། བཅའ་སྡོད་བྱ་ཡུལ་གནའ་གྲོང་རྩེད་ཐང་དུ་གྱུར་ཞིང་། རྩེད་ཐང་ནི་ལྷོ་ཁའི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་སུ་གྱུར། སྤྱི་ལོ་2016ལོའི་ཟླ་1པོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྷོ་ཁ་ས་ཁུལ་དང་སྣེ་གདོང་རྫོང་མེད་པར་བཟོས་ནས་ས་ཁུལ་རིམ་པའི་ལྷོ་ཁ་གྲོང་ཁྱེར་འཛུགས་རྒྱུའི་ཆོག་མཆན་སྤྲད་པས། ལྷོ་ཁ་གྲོང་ཁྱེར་དངོས་སུ་དབུ་བརྙེས་ཏེ་ལྷོ་ཁ་འདི་ཉིད་བྱ་འཕུར་བ་བཞིན་འཕེལ་རྒྱས་འགྲོ་འགོ་ཚུགས་ཤིང་། ཉེ་བའི་ལོའི་ནང་ལྷོ་ཁ་གྲོང་ཁྱེར་གྱི་རྣམ་པར་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་ཕྱིན་ཡོད། དཔེར་ན། གྲོང་ཁྱེར་གྱི་ཕྱོགས་མཚམས་གང་སར་བཀོད་ལེགས་ཐོག་བརྩེགས་ཁང་བཟང་འབུར་དུ་ཐོན་པ་དང་། རྒྱ་ཆེ་ལ་གཙང་ཞིང་འཁོད་སྙོམས་པའི་གཞུང་ལམ་སྡོམ་དྲ་བཞིན་ཕྱོགས་བཞིར་བརྐྱངས་པ། དཔལ་འབྱོར་འཕེལ་ཁ་བཟང་བ། སློབ་གསོ་སྤུས་ཚད་མཐོ་བ། འབྱུང་ཁམས་སྐྱིད་པ། ཡུལ་སྐོར་སྐུ་མགྲོན་མང་བ། དངོས་མིན་རིག་གནས་ཤུལ་བཞག་ཕུན་སུམ་ཚོགས་པ། བོད་ལུགས་དང་། ཀྲུང་ལུགས། ཕྱི་ལུགས། གཞུང་སྒེར་བཅས་ཀྱི་སྨན་ཁང་འབེལ་བ།  མི་དམངས་སྤྱི་གླིང་མཛེས་པ། མཚན་མོ་ཡང་ཉིན་མོའི་སྣང་བར་འཁྲུལ་བའི་གློག་འོད་ཚོན་མདོག་རྣམ་པར་བཀྲ་བ། རྩེད་ཐང་ནས་གོང་དཀར་བར་གྱི་མྱུར་བགྲོད་གཞུང་ལམ་བདེ་བ། ལྷོ་ཁ་ནས་ལྷ་ས་དང་ཉིང་ཁྲིར་སྐྱོད་པའི་མེ་འཁོར་སྟབས་བདེ་བ་སོགས་མདོར་ན་གྲོང་ཁྱེར་སྤྱིའི་རྒྱ་ཁྱོན་ཡང་སྔོན་མའི་རྒྱ་ཆུང་བའི་སྐལ་བཟང་ཟམ་པའི་མཐའ་འཁོར་ཙམ་མིན་པར་ལྷོ་ཡི་ཁྲ་འབྲུག་ཙམ་ནས་བྱང་གི་ཡར་ཀླུང་གཙང་པོའི་འགྲམ་རྒྱུད་བར་རྒྱ་བསྐྱེད་ཤུགས་ཆེན་ཕྱིན་ཏེ་གྲོང་ཁྱེར་གྱི་རྒྱ་ཁྱོན་སྔོན་མ་ལས་ལྡབ་གསུམ་ལྷག་ཙམ་ཆེ་རུ་ཕྱིན་ཡོད་པ་ནི་མིག་ལྡན་སྐྱེ་བོ་ཀུན་གྱི་མངོན་སུམ་མཐོང་ཆོས་ཡུལ་དུ་གྱུར་ཡོད།


ཤང་ཤང་ཤམ་ཆུའི་བཞུར་རྒྱུན་འཁྲིས་ཀྱི་སྤྲེའུ་རྩེད་སའི་ཐང་རྒོད་ཅིག །

རིང་རིང་ལོ་རྒྱུས་འཕེལ་རིམ་ཀློང་དུ་མི་ཡི་གྲོང་ཁྱེར་ཆེན་པོར་གྱུར། །

བཟང་བཟང་ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག །

མཛེས་མཛེས་ལྷོ་ཁ་གྲོང་ཁྱེར་འདི་ཉིད་སྔར་ལས་འབྱོར་ཕྱུག་མངའ་ཐང་རྒྱས། །


*ཨེ་ཉི་མ་ཚེ་རིང་གིས་བརྩམས་པའི་དཔེ་དེབ་ཡར་ཀླུང་རི་ཆུའི་རིག་གནས་དཔྱད་གཞིར་བཟུང་ནས་བྲིས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཞུ་དག མིག་དམར་རྒྱ་མཚོ།

རྩོམ་འབྲི། གངས་ཕྲུག་བློ་རྒྱ།



来源:中央广播电视总台藏语广播
审稿:米玛加措
撰写:洛桑加措

制作:娜科


阳光之卫
སློབ་གསོ། གསར་འགྱུར། དཔེ་ཀློག གླུ་གཞས་སོགས་འཕྲིན་སྟེགས་འདི་ལས་གཟིགས་ཐུབ།
 最新文章