རི་ཆུ་དང་རྩི་ཤིང་ལ་བརྩེ་བ་ཟབ་མོས་ལྟ་སྲུང་བྱེད།

时事   2024-11-13 19:58   青海  
















རི་ཆུ་དང་རྩི་ཤིང་ལ་བརྩེ་བ་ཟབ་མོས་ལྟ་སྲུང་བྱེད།




མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ས་ཁུལ་དུ་བདག་སྐྱོང་ས་ཚིགས40ཡོད་པ་ཚང་མ་ལུང་བའི་ཕུགས་སུ་གནས་ཡོད།
སྟོན་མཇུག་ཏུ་གསར་འགོད་པ་རླངས་འཁོར་ལ་བསྡད་དེ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་ནས་ལམ་ལ་ཆས་ཤིང་། ལམ་བར་དུ་མྱ་ངམ་ཐང་དང་། གསེར་མདོག་གི་རྩྭ་རྩི་ཤིང་། གནའ་བ་ཁྱུ་དང་ཁྱུ་བྱས་ནས་འགྲོ་བ་བཅས་མཐོང་བྱུང་།
ལམ་ཐག་སྤྱི་ལེ100ལྷག་གི་སར་དུས་ཚོད4ཙམ་སོང་མཐར་གཞི་ནས་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གི་གངས་རི་འབྲོག་རའི་བདག་སྐྱོང་ས་ཚིགས་སུ་འབྱོར།
མདོ་ལ་རིང་མོའི་ནུབ་རྒྱུད་དུ་གནས་པའི་གངས་རི་འབྲོག་རའི་བདག་སྐྱོང་ས་ཚིགས་ཀྱི་ཆ་སྙོམས་མཚོ་འཕགས་ལ་སྨི4600ཡོད་པ་དང་། མཚོ་སྔོན་དང་ཀན་སུའུ་ཡི་འབྲེལ་མཚམས་སུ་གནས་ཤིང་། བདག་སྐྱོང་ས་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང53546.64ཡོད་ཅིང་དེའི་ནང་གི་ལྟེ་བའི་ཁུལ་ལ་སྤྱི་ཆིང44554.00ཡོད་པ་དང་། སྤྱིར་བཏང་ཚོད་འཛིན་ཁུལ་ལ་སྤྱི་ཆིང8992.64ཡོད་ལ། དེ་ནི་རྨ་ནུབ་དོག་ལམ་གྱི་ཆུ་བོ་གལ་ཆེན་ཏང་ཆུ་དང་ཏ་ཧ་ལེ་ཐེང་གཙང་པོའི་འབྱུང་ཁུངས་ཡིན་ཞིང་། ཆུ་བོ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དང་རྩྭ་ཐང་སོགས་ཀྱི་ཐོན་ཁུངས་དང་འབྲེལ་བ་ཡོད་པར་མ་ཟད། གླག་དང་། གནའ་བ། དགོ་སྐྱ། ཧོར་བ་གྲུ་གུ། སྤྱང་ཀི གཉན། གོང་མོ་སོགས་རི་སྐྱེས་སྲོག་ཆགས་ཧ་ཅང་མང་པོ་ཡོད་པ་དང་། ད་དུང་མདོ་ལ་རིང་མོའི་ནུབ་རྒྱུད་ཀྱི་ཆེས་འགངས་ཆེ་བའི་ཏུན་གཏེར་འཁྱགས་ཀླུང་མང་པོ་ཡོད།
ལོ19ནས་ལོ49བར་དུ་ཕྱུགས་རྫི་ཞིག་ནས་སྐྱེ་ཁམས་བདག་སྐྱོང་པར་གྱུར་པའི་ལོ་ངོ30ཡི་རིང་། ལྕགས་ཐར་འབུམ་དང་ཧྲང་དབྱིན་བཟའ་ཟླ་གཉིས་ཀྱིས་ཏང་ཆུའི་འབྱུང་ཡུལ་བསྲུངས་ནས་བསྡད། “དེ་གར་ལོ་བཅུ་གྲངས་ཁ་ཤས་སྐད་ཅིག་ཉིད་ལ་འདས་སོང་། ད་ནི་ཚ་བོའང་ལོ8ལ་སོན་ཡོད”ཅེས་ལྕགས་ཐར་འབུམ་གྱིས་འཛུམ་དམུལ་དམུལ་ངང་བཤད།
ལྕགས་ཐར་འབུམ་དང་ཧྲང་དབྱིན་གྱི་ཕ་ཡུལ་ནི་མཚོ་ནུབ་ཁུལ་ཏུའུ་ལན་རྫོང་ཡིན་ཞིང་། 1994ལོར་བཟའ་ཟླ་གཉིས་ཀྱིས་ལོ་གཅིག་མ་ལོན་པའི་བུ་ཆུང་ཁྲིད་དེ་མདོ་ལ་རིང་མོའི་ནུབ་རྒྱུད་ཀྱི་གངས་རི་འབྲོག་རར་འཚོ་བ་སྐྱེལ་བར་ཡོང་། “དཀའ་སྡུག་གི་འཚོ་བ་ཞིག་རོལ་དགོས་རྒྱུ་རེད་སྙམ་པའི་བསམ་པ་སྔ་མོ་ནས་ཡོད་མོད། དཀའ་སྡུག་དེ་འདྲ་ཆེ་བ་བསམ་ཡུལ་ལས་འདས་སོང་། ལམ་ཐག་སྤྱི་ལེ100ལྷག་ཡོད་པའི་ནང་ངེད་གཉིས་ཉིན་མཚན་གཉིས་ལ་བསྐྱོད་པ་ཡིན།”འདི་གར་སླེབས་མ་ཐག་པའི་གནས་ཚུལ་དེ་སྔར་བཞིན་བློ་ལ་གསལ་ལེར་འཆར་ཡོང་།
ཏང་ཆུའི་འབྱུང་ཡུལ་དང་མདོ་ལ་རིང་མོའི་སྲུང་སྐྱོབ་ཁུལ་ནི་ཞིང་ཆེན་རིམ་པ་དང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དུ་གྱུར་པ་དང་བསྟུན་ནས། 2017ལོར་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱས་རྗེས་བཟའ་ཟླ་གཉིས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་གངས་རི་འབྲོག་རའི་བདག་སྐྱོང་ས་ཚིགས་ཀྱི་སྐྱེ་ཁམས་བདག་སྐྱོང་པར་དངོས་སུ་གྱུར་ནས། ལོ་ཟླ་མང་པོ་ཉིན་གཅིག་ནང་བཞིན་བགྲངས་ནས་གྲང་རླུང་རྒོད་ལ། གསོ་རླུང་དཀོན་པ། དུད་ཁྱིམ་ཧ་ཅང་ཉུང་བའི་གངས་རི་འབྲོག་ར་རུ་མཛེས་སྡུག་ལྡན་པའི་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོབ་བྱས་ནས་བསྡད་ཡོད།
“ཁྱེད་ཚོས་ཁང་པའི་རྒྱབ་ཀྱི་གནའ་བ་ལ་ལྟོས་དང་།”ཞེས་ཧྲང་དབྱིང་གིས་བསྟན་པའི་ཡུལ་དེར་བལྟས་པ་ན། ཨ་ལི་ཡ་མ་ཐུའུ་ཡི་རི་མགོ་རུ་གནའ་ཁྱུ་ཞིག་གིས་བྲག་གསེབ་ཏུ་གཟན་རྩྭ་འཚོལ་བཞིན་པ་མཐོང་། ཧྲང་དབྱིང་གིས་བཤད་རྒྱུར།“ཉིན་ཤས་གོང་ངས་ད་དུང་གསའ་ཞིག་རི་རྩེར་འགྲོ་བཞིན་པ་མཐོང་བྱུང་།”
ལྕགས་ཐར་འབུམ་དང་ཧྲང་དབྱིན་གཉིས་ཀྱིས་འགན་ཁུར་པའི་བདག་སྐྱོང་ས་ཚིགས་ཨང1པ་དང་ཨང2པ་ནི་ལྟེ་བའི་ས་ཁུལ་གྱི་ཕྱི་རོལ་དུ་བཙུགས་ཡོད་ལ། བར་ཐག་ལ་སྤྱི་ལེ30ཡོད། ཁོ་གཉིས་རྒྱུན་དུ་ཕར་འགྲོ་ཚུར་འོང་བྱས་ནས་རྒྱུན་ལྡན་མིན་པའི་གནས་ཚུལ་ཡོད་མེད་ལ་བལྟ་དགོས། བདག་སྐྱོང་ས་ཚིགས་བཙུགས་ཁར་བདག་སྐྱོང་པ་མངགས་གཏོང་བྱས་པས་ཚད་ངེས་ཅན་ཞིག་གི་ཐོག་ནས་ཁྲིམས་འགལ་ངང་སྲོག་ཆགས་ལྐོག་རྔོན་རྒྱག་མཁན་ཇེ་ཉུང་ནས་ཇེ་ཉུང་དུ་འགྲོ་བཞིན་ཡོད། ལྕགས་ཐར་འབུམ་གྱིས“ཉེ་བའི་ལོ་ཤས་རིང་། ཁྲིམས་འགལ་ངང་མི་མེད་ལུང་སྟོང་ནས་བསྐྱོད་པའི་ཡུལ་སྐོར་པ་ཇེ་ཉུང་དུ་གྱུར། མི་མེད་ལུང་སྟོང་དུ་བསྐྱོད་སླ་ཡང་ཕྱིར་ཡོང་དཀའ་བའི་གནས་ཚུལ་ཡོད་པས། ང་ཚོས་རྟག་ཏུ་མི་མེད་ལུང་སྟོང་དུ་འགྲོ་མཁན་གྱི་ཡུལ་སྐོར་པར་ཚེ་སྲོག་ལ་འགན་འཁུར་དགོས་ལ་རང་ཉིད་ལ་དེ་བས་ཀྱང་འགན་འཁུར་དགོས་པའི་ཁ་ཏ་བསླབ་བྱ་གཏོང་བཞིན་ཡོད”ཅེས་བཤད།
ཁོ་གཉིས་སྐྱེ་ཁམས་བདག་སྐྱོང་པར་གྱུར་པ་ནས་བཟུང་། དུས་ངེས་མེད་དུ་རི་སྐྱེས་སྲོག་ཆགས་ལ“སྟེས་དབང་གིས་འཕྲད་ཡོང་བ”དང་། ལོ་མང་བརྒྱུད་མཐར།“བློ་རིག་དང་དཔའ་ངར་འགྲན་པའི”འཇོན་ཐང་ཆེ་རུ་ཕྱིན་ཡོད། “དགོང་མོར་དྲེད་མོང་སྒོ་རྡུང་རྒྱུར་ཧ་ཅང་དགའ་ཞིང་དང་ཐོག་སྐྲག་ནས་འགུལ་ཙམ་ཡང་མི་ཕོད་པ་དང་།ཕྱིས་སུ་ཚོན་ལྡན་ལྕགས་ཁང་གི་སྒོ་རྡུང་བ་ན་སྐྲག་ནས་ཕྱིར་བུད་འགྲོ་བ་ཤེས་བྱུང་། ཐེངས་ཤིག་འབྲོང་དང་འཕྲད་པས་ཕྲན་ཙམ་གྱིས་རང་སྲོག་ཀྱང་ཤོར་སོང་། ལྕགས་ཐར་འབུམ་གྱིས་སྐད་གསང་མཐོན་པོས་འབྲོ་མི་ཉན་ཐང་དུ་ཙོག་པུར་བསྡད་ན་བདེ་འཇགས་ཡིན་ཟེར། ང་ཚོས་རི་སྐྱེས་སྲོག་ཆགས་དང་འཆམ་མཐུན་མཉམ་གནས་ཇི་ལྟར་བྱེད་དགོས་པ་རིམ་གྱིས་ཤེས་སོང”ཞེས་ཧྲང་དབྱིང་གིས་བཤད།
“ལོ10ལྷག་གི་ཡར་སྔོན་དུ། དབྱར་གཞུང་ཤིན་ཏུ་ཐུང་ཞིང་ཚ་བ་ཆེ་བའི་དུས་ཡུན་ཉིན་འགའ་ལས་མེད་པར་རྩྭ་ཐམས་ཅད་སེར་པོར་གྱུར་འགྲོ། ད་སྐབས་དབྱར་ཁར་མེ་ཏོག་བཞད་ཅིང་རྩྭ་ལྗང་ནེམ་ནེམ་བྱེད་པའི་དུས་ཚོད་ཟླ་གཅིག་ལ་རྒྱུན་བསྲིང་ཐུབ། འབྲོང་དང་གནའ་བ། སྤྱང་ཀི་སོགས‘གྲོགས་པོ་རྙིང་པ’ཚོས་སྒོ་རའི་མདུན་དུ་བག་ཕེབས་ངང་ཁ་ཟས་འཚོལ་གྱིན་ཡོད། ”ལོ་ངོ་མང་པོའི་རིང་གི་སྐྱེ་ཁམས་འགྱུར་ལྡོག་སྐོར་གླེང་སྐབས་ལྕགས་ཐར་འབུམ་གྱིས་མིག་མདུན་གྱི་རི་ཀླུང་དང་བརླན་སར་མཛུབ་མོ་བཙུགས་ནས་མྱོང་ཚོར་ཟབ་མོ་བརྗོད།
ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་བསྟུན་ནས། གཞི་རིམ་གྱི་སྐྱེ་ཁམས་བདག་སྐྱོང་པའི་འཚོ་བ་ཇེ་ལེགས་ནས་ཇེ་ལེགས་སུ་ཕྱིན། གངས་རི་འབྲོག་རའི་བདག་སྐྱོང་ས་ཚིགས་སུ་སྐོར་སྲུང་རླངས་འཁོར་དང་། རླུང་ཤུགས་གློག་འདོན་འཕྲུལ་འཁོར། སློབ་སྦྱོང་ཁང་། ལུས་སྦྱོང་ཁང་། སྲུང་སྐར་ཁ་པར། སྐོར་སྲུང་གྱོན་ཆས། རྒྱང་མཐོང་སོགས་དེང་རབས་ཅན་གྱི་སྐྱེ་ཁམས་བདག་སྐྱོང་གི་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད།
གནས་དེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ10ཡས་མས་ཡིན་ལ། ལོ30ཡི་རིང་ཕན་ཚུན་འགྲོགས་ཤིང་གཤིབ་པའི་བཟའ་ཟླ་གཉིས་ཀྱིས་མི་རྣམས་ཧ་ལས་དགོས་པའི་རླབས་ཆེན་གྱི་བྱ་གཞག་ཅིག་བསྒྲུབས་མེད་ནའང་། དེ་འདྲའི་འཚོ་བའི་ཁོར་ཡུག་སྡུག་པོ་ཞིག་ཏུ་ཁོ་གཉིས་ཀྱིས་མདོ་ལ་རིང་མོ་རྒྱལ་ཁབ་སྤྱི་གླིང་གོམ་པས་འཇལ་བཞིན་ཡུལ་དེ་གའི་སྐྱེ་དངོས་ཐམས་ཅད་སྲུང་སྐྱོབ་བྱས་དང་བྱེད་བཞིན་ཡོད། །














ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།



རྩོམ་སྒྲིག་པ། འབྲུག་མཚོ་སྐྱིད།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章