མཚོ་སྔོན་གྱི་སྨན་བཅོས་སྒྲིག་གཞི10ཡིས“ནད་གཡོག་མེད་པའི”ནད་ཁང་ཚོད་ལྟ་བྱས་པ།
ཟླ11པའི་ཚེས15ཉིན་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས《མཚོ་སྔོན་ཞིང་ཆེན་སྨན་བཅོས་སྒྲིག་གཞིའི“ནད་གཡོག་མེད་པའི”ནད་ཁང་ཚོད་ལྟའི་ལས་དོན་ཇུས་གཞི(2024ལོ་ནས2025ལོ་བར)》འགྲེམ་སྤེལ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དང་མཚོ་སྔོན་སློབ་ཆེན་ཞོར་གཏོགས་སྨན་ཁང་། མཚོ་སྔོན་ཞིང་ཆེན་བདེ་ཐང་སླར་གསོའི་སྨན་ཁང་། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པ། མཚོ་ཤར་གྲོང་ཁྱེར་མི་དམངས་སྨན་ཁང་གཉིས་པ། སྟོང་སྐོར་རྫོང་མི་དམངས་སྨན་ཁང་། ཏ་ཐུང་རྫོང་མི་དམངས་སྨན་ཁང་། ཧུའུ་ཀྲུའུ་རྫོང་མི་དམངས་སྨན་ཁང་། མིན་ཧོ་རྫོང་མི་དམངས་སྨན་ཁང་བཅས་སྨན་བཅོས་སྒྲིག་གཞི10རུ་དུས་ཡུན་ལོ་གཅིག་གི“ནད་གཡོག་མེད་པའི”ནད་ཁང་གི་ཚོད་ལྟའི་ལས་དོན་སྤེལ་ཏེ། སྔར་ལས་ལྷག་པར་སྨན་བཅོས་སྒྲིག་གཞིའི་སྨན་བཅོས་ནད་སྐྱོང་པའི་ཕྱོགས་གསུམ་པའི་ལས་རིགས་ཅན་དང་ཚད་ལྡན་ཅན་གྱི་དོ་དམ་དང་འཁོར་སྐྱོད་ལམ་ལུགས་འཚོལ་ཞིབ་བྱས་ནས་བཙུགས་ཏེ། ནད་པ་དང་ནང་མིའི་སྨན་བཅོས་འདུག་རོགས་ཀྱི་དགོས་མཁོ་སྣ་མང་བསྐངས།
《ཇུས་གཞིའི》ནང་སྨན་བཅོས་ནད་གཡོག་པ་དེ་སྨན་བཅོས་སྒྲིག་གཞིའི་འཕྲོད་བསྟེན་ཆེད་ལས་ལག་རྩལ་མི་སྣའི་ཁོངས་སུ་མི་གཏོགས་པས། སྨན་བཅོས་སྒྲིག་གཞིས་ནད་གཡོག་ཆེད་ལས་ལས་དོན་དེ་སྨན་བཅོས་ནད་གཡོག་པར་སྤྲོད་མི་ཆོག ཚོད་ལྟའི་སྨན་བཅོས་སྒྲིག་གཞིས་སྨན་བཅོས་ནད་གཡོག་པའི་གསོ་སྦྱོང་གི་ཐོབ་ཐང་ཡོད་པའི་ཕྱོགས་གསུམ་པའི་སྒྲིག་གཞིར“ནད་གཡོག་མི་བྱེད་པའི”ནད་ཁང་འཛུགས་པའི་བྱ་བའི་ལམ་ལུགས་འཛུགས་པར་ཧུར་ཐག་སྒོས་འཚོལ་ཞིབ་བྱས་ཏེ། ནད་པའམ་ཡང་ན་ནང་མིས་ཕྱོགས་གསུམ་པའི་སྒྲིག་གཞི་དང་སྨན་བཅོས་ནད་གཡོག་པའི་ཞབས་ཞུའི་གྲོས་མཐུན་གན་རྒྱ་བཞག་པ་བརྒྱུད། སྨན་ཁང་དུ་སྡོད་པའི་ནད་པར་འཚོ་བར་ལྟ་རྟོག་བྱས་ཏེ་རང་ཞིང་གི་སྨན་བཅོས་ནད་གཡོག་པའི་དཔུང་ཁག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་འཚོལ་ཞིབ་བྱ་རྒྱུ་རེད།
《ཇུས་གཞིའི》ནང་ཕྱོགས་གསུམ་པའི་སྒྲིག་གཞི་དང་སྨན་བཅོས་ནད་གཡོག་པ། སྨན་བཅོས་སྒྲིག་གཞི། ནད་པ། ནང་མི་བཅས་ཀྱི་འགན་འཁྲི་ཁ་གསལ་བཏོན་ཡོད། སྨན་བཅོས་ནད་གཡོག་པར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས་ཆོག་མཆན་སྤྲད་པའི་གསོ་སྦྱོང་སྡེ་ཁག་གི་གསོ་སྦྱོང་ཚད་མཐུན་ལག་ཁྱེར་ཐོབ་དགོས་པ་དང་། ལས་གནས་ཐོག་མ་སྐྱོད་གོང་ནད་པའམ་ཡང་ན་ནང་མིར་གྲོས་མཐུན་བཞག་རིགས་ལ་ཕྱོགས་གསུམ་པའི་ལས་ཁུངས་དང་ཚོད་ལྟའི་སྨན་བཅོས་སྡེ་ཁག་གིས་མཉམ་དུ་ལས་གནས་སུ་མ་སྐྱོད་གོང་གི་གསོ་སྦྱོང་བྱེད་དགོས་པ་དང་། སྨན་གཡོག་གི་མཛུབ་ཁྲིད་འོག་ནང་མིའི་ཚབ་བྱས་ནས་སྨན་ཁང་དུ་སྡོད་པའི་ནད་པའི་འཚོ་བའི་ལྟ་སྐྱོང་སོགས་བྱ་རྒྱུ་རེད།
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
རྩོམ་སྒྲིག་པ། སྐར་མ་རྡོ་རྗེ།
རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད།
ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ།