ཀྲུང་ལུགས་གསོ་རིག་གི་བཞེད་ཚུལ་ལྟར་ན། མགོ་སྐེའི་གནས་སྟངས་ཡག་པོ་འཛིན་པ་དང་སྦྱོང་བརྡར་འོས་འཚམ་བྱས་ནས་སྐེ་དང་ཕྲག་པའི་ཤ་གནད་བག་ལྷོད་དུ་གནས་པར་བྱེད་པ་དང་། སྐེ་ཚིགས་ཀྱི་ཤ་ཤུགས་བསྐྱེད་ན། སྐེ་ཚིགས་ཇེ་བརྟན་དུ་གཏོང་ཐུབ་ལ། སྐེ་ཚིགས་ཀྱི་འཁྱོག་ཚད་སླར་གསོ་བྱེད་པར་ཡང་ཕན། ད་དུང་རྩ་ལམ་བཤང་བ་དང་ཁྲག་རོ་བཤིག་སྟེ་སྐེ་ཚིགས་ཀྱི་ནད་སྔོན་འགོག་གི་ནུས་པ་ཐོན་པ་ཡིན། ནམ་རྒྱུན་ལག་འཁྱེར་ཁ་པར་ལ་ལྟ་ཚད་ཇེ་ཉུང་དུ་གཏོང་བ་དང་སྔས་འབོལ་ཚུལ་ལྡན་དུ་སྤྱོད་པ། སྐེ་ཚིགས་འཁྱག་ཏུ་མི་འཇུག་པ་སོགས་ལས། མགོ་ཡི་བཅོས་ཐབས་འདི་དག་བསྟེན་ན་སྐེ་ཚིགས་ལ་ཕན་པ་གདོན་མི་ཟའོ། །
1.མགོ་བོ་དགྱེ་ནས་བལྟ་བ།
མགོ་བོ་གཡོན་དུ་འཁོར་བ་དང་མཉམ་དུ་ལྟག་པར་དགྱེ་ནས། གནམ་ལ་སྐར་ཆ་ལྔ་ཙམ་ལ་བལྟ་བ་དང་། དེ་ནས་གཡས་ཕྱོགས་སུ་འཁོར་ནས་གནམ་ལ་སྐར་ཆ་ལྔ་ཙམ་བལྟ། ཐེངས་རེར་དེ་འདྲ་ལན15ནས20དང་། ཉིན་རེར་ཐེངས2ནས3བསྟེན་དགོས།
2.ལག་ཟུང་སྐེད་ཁུག་རེ་ལ་གཏད།
བྱང་ཁོག་མི་འགུལ། མགོ་བོ་ལྟག་པར་དགྱེ། དེ་དང་མཉམ་དུ་དབུགས་ཤུགས་ཀྱིས་རྔུབ་པ་དང་སྐེ་མདུན་གྱི་ཤ་གནད་གྲིམ་པོར་གནས་པར་བྱེད། དེ་ནས་དབུགས་འབྱིན་པ་དང་སྔར་སོར་གནས། ཡང་དབུགས་རྔུབ་ཞོར་མགོ་བོ་སྒུར། ཁ་སྡོམ། མ་འགལ་བྲང་ལ་གཏུགས། དེ་ནས་དབུགས་འབྱིན་པ་དང་སྐེ་རྒྱབ་ཀྱི་ཤ་གནད་གྲིམ་པོར་གནས་པར་བྱེད། དེ་ནས་སྔར་སོར་ལོག་པར་བྱེད་པ་དང་དབུགས་རྔུབ། ཐབས་འདི་ལན་གྲངས10ནས20ལ་བསྟེན་པ་དང་། ཉིན་རེར་ཐེངས2ནས3བསྟེན།
3. བྲང་བཏེགས་མགོ་དགྱེ།
ལག་ཟུང་ལུས་རྒྱབ་ནས་སྦྲེལ། བྲང་བཏེགས་ནས་མགོ་བོ་དགྱེ། ཕྲག་ཟུང་རྒྱབ་ཕྱོགས་ལ་ཤུགས་ཀྱིས་བསྐུམ། དེ་ལྟར་སྐར་ཆ་བཅུ་འགོར་རྗེས་ལྷོད་ལྷོད་བྱ། ལན་གྲངས10ནས15དང་ཉིན་རེར་ཐེངས2ནས3བསྟེན།
4.མགོ་ལག་འཐེན་རེས།
ལག་ཟུང་སྐེ་རྒྱབ་ནས་སྦྲེལ། ལག་པས་མདུན་ལ་འཐེན། མགོ་བོས་ལྟག་པར་འཐེན། སྐར་ཆ10འགོར་རྗེས་ཡུན་གྱིས་ལྷོད་པར་བྱ། ལན་གྲངས10ནས15ཟློས། ཉིན་རེར་ཐེངས2ནས3བསྟེན།
5.མགོ་བོ་ལྟག་པར་དགྱེ་ནས་འཁོར་བ།
མགོ་དང་སྐེ་ལྟག་པར་དགྱེ་ཞིང་བསྲིངས་རྗེས། སྐེ་ཚིགས་ནས་གཡས་གཡོན་གཉིས་ལ་རེས་མོས་སུ་འཁོར་བ། ལན་གྲངས10ནས15ཙམ་ཟློས། ཉིན་རེར་ཐེངས1ནས2བསྟེན། མཉམ་འཇོག་དགོས་པ་ཞིག་ལ་ཤུགས་གང་ཡོད་ཀྱིས་འཁོར་མི་རུང་སྟེ། སྐེ་ཚིགས་འཆུས་ཉེན་ཆེ།
6.མགོ་སྐེ་འཐེན་པ།
དྲང་མོར་ཙོག་པ་དང་ཁོག་སྟོད་མདུན་དུ་སྒུར་ཙམ་བྱེད། ལག་ཟུང་གིས་མ་འགལ་འོག་ནས་སྐྱོར། གྲུ་མོ་གཉིས་མདུན་ཅོག་ཏུ་བཙུགས་ཏེ། མགོ་སྐེ་ཡར་ལ་འདེགས་དགོས། ཐབས་འདི་སྐར་མ3ནས5ཙམ་ལ་བསྟེན་པ་དང་། ཉིན་རེར་ཐེངས1ནས2བསྟེན།
7.མགོ་དགྱེ་བ་དང་ཕྱི་རྟིང་འདེགས་པ།
དྲང་མོར་ལངས། ལག་ཟུང་ཐུར་དུ་དཔྱངས། སྐེ་བསྲིངས་ནས་མགོ་བོ་ལྟག་པར་དགྱེ། བྲང་བཏེགས་གསུས་བསྐུམ། མཚམས་སུ་ཕྱི་རྟིང་ཡར་འདེགས། དབུགས་ལྷོད་པོར་ལེན་པ་དང་སྐེ་བྲང་སྐེད་གསུམ་དྲང་མོར་གནས། དེ་ལྟར་ལན20ནས30ཟློས། ཉིན་རེར་ཐེངས2ནས3བསྟེན།
8.མགོ་བོར་རྡེབ་པ།
ཀྲུང་ལུགས་གསོ་རིག་གིས་རྐང་ལག་གི་རྩ་ལམ་མགོ་བོར་རྒྱུ་བས། རྒྱུན་པར་མགོ་བོར་རྡེབ་ན་ཀླད་པ་གསལ་བ་དང་ཁྲག་རྒྱུན་རྒྱུ་བར་ཕན་པར་བཞེད།
དེ་ཡང་མགོ་བོ་སྤྱི་གཙུག་ནས་རྡེབ་འགོ་རྩོམ་པ་དང་། ལག་ཟུང་གིས་ཡང་མོར་རྡེབ་པ་དང་། དེ་ལས་ལག་པ་གཅིག་གིས་དཔྲལ་བའི་ཕྱོགས་སུ་རིམ་གྱིས་རྡེབ། ལག་པ་ཅིག་ཤོས་ཀྱིས་ཕྱི་ལྟག་གི་ཕྱོགས་སུ་རིམ་གྱིས་རྡེབ། དེ་ནས་སླར་ཡང་མགོ་བོ་སྤྱི་གཙུག་ནས་གཡས་གཡོན་དུ་རིམ་གྱིས་རྣ་རྩེའི་བར་དུ་རྡེབ། དེ་ནི་རྡེབ་ཡུན་གཅིག་ཏུ་བརྩི་ཆོག་ལ། ཐེངས་རེར་ལན10ཙམ་རྡེབ་པ་དང་ཉིན་རེར་ཐེངས2ནས3རྡེབ་པར་བྱ། །
རྩོམ་སྒྲིག་པ། འབྲུག་མཚོ་སྐྱིད།
རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད།
ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ།