ཀོས་ནན་རྫོང་གི་སློབ་སྔོན་སློབ་གསོའི་ཐད་ལེའུ་གསར་པ་ཞིག་བསུས་ཡོད།

时事   2024-11-12 20:16   青海  


ཉེ་བའི་ལོ་ཤས་རིང་།ཀོས་ནན་རྫོང་གིས་སློབ་སྔོན་སློབ་གསོ་དེ་དམངས་འཚོའི་འདུ་འགོད་གལ་ཆེན་ནང་བཅུག་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་མང་ཚོགས་ཀྱི་རེ་སྒུག་རྒྱུན་ཆད་མེད་པར་སྐོང་གང་ཐུབ་བྱེད་ཀྱིན་ཡོད། 

སྡེ་བ་རིམ་པའི་བྱིས་སྐྱོང་ཁང་དག་ལ་སྐྱོད་སྐབས་རྒྱ་ཆེ་ལ་དཀར་ཆ་དོད་པའི་སློབ་ཁང་དང་།ཚོན་མདོག་རྣམ་པར་བཀྲ་བའི་ལྡེབས་རིས།སྒྲོག་ཙེ་དང་རྐུབ་སྟེགས་གསར་།རྩེད་ཆས་ཡོད་ས་མཛེས་སྡུག་ལྡན་པའི་རི་མོ་ཞིག་ངང་གིས་གྲུབ་ཡོད།བྱིས་སྐྱོང་ཁང་དེ་དག་གིས་བྱིས་པ་ཚོར་སློབ་སྦྱོང་གི་ཁོར་ཡུག་སྐྱིད་པོ་ཞིག་མཁོ་འདོན་བྱས་ཡོད་་མ་ཟད།རང་ཁྱིམ་ལྟ་བུའི་དྲོད་ཁོལ་ཡང་སྦྱིན་ཡོད། 

སྔོན་ཆད།ཀོས་ནན་རྫོང་གི་སློབ་སྔོན་སློབ་གསོའི་ཐོན་ཁུངས་བལྟོས་བཅས་ཀྱིས་མི་འདང་བ་དང་།རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཡིན་པ།བྱིས་སྐྱོང་ཁང་གི་ཉལ་ཁང་དཀོན་པ་བཅས་ཀྱིས་བྱིས་པ་ཚོའི་གཞི་རྩའི་དགོས་མཁོ་སྐོང་ཐུབ་ཀྱི་མེད་པས་ཕྱོགས་ཡོངས་ནས་ཡར་རྒྱས་འགྲོ་རྒྱུར་ཚོད་འཛིན་བྱས་ཡོད།

འོན་ཀྱང་ཉེ་བའི་ལོ་ཤས་རིང་དེ་དག་ཚང་མར་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད།ཀོས་ནན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སློབ་སྔོན་སློབ་གསོའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས《ཀོས་ནན་རྫོང་གི་སློབ་སྔོན་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་འཛུགས་སྐྲུན་གྱི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞི(2022ལོ་ནས2024ལོ་བར)》བཏོན་པ་དང་འབྲེལ་མ་དངུལ་འབོར་ཆེན་བཏང་ནས་སྡེ་བ་རིམ་པའི་བྱིས་སྐྱོང་ཁང་བསྐྱར་སྐྲུན་རྒྱས་སྐྲུན་ཐད་སྤྱད་དེ།སློབ་སྔོན་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་དེ་དམངས་འཚོ་ལས་གྲྭའི་ལྷུ་ཚིགས་གལ་ཆེན་ཞིག་ཏུ་བརྩིས་ནས་བྱིས་པ་ཚོས་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་པར་འགན་ལེན་བྱས་ཤིང་།དེ་དང་ཆབས་ཅིག་རྫོང་སྲིད་གཞུང་གིས《བྱིས་སྐྱོང་དགེ་རྒན་གྱི་གླ་ཕོགས་ལག་བསྟར་ཇུས་གཞིའི་ལོ་གསུམ་འགུལ་བསྐྱོད(2022ལོ་ནས2024ལོ་བར)》དང《ཀོས་ནན་རྫོང་གི་སློབ་སྔོན་སློབ་གསོའི་གནས་སྐབས་རྒྱབ་ཕྱོགས་མཁོ་སྒྲུབ་མི་སྣའི་གླ་ཕོགས་ཐོབ་ཐང་ལོ་གསུམ(2022ལོ་ནས2024ལོ་བར)གྱི་བྱ་སྤྱོད་ཇུས་གཞི》སོགས་ཡིག་ཆ་བཏོན་ནས་དགེ་རྒན་གྱི་གླ་ཕོགས་ཐོབ་ཐང་རིམ་བཞིན་མཐོ་རུ་བཏང་ནས་དགེ་རྒན་གྱི་དཔུང་ཁག་བརྟན་པོ་བྱུང་ཡོད། 

སློབ་མའི་ཁྱིམ་བདག་ཨན་ཡུང་ཆིན་གྱིས་བཤད་རྒྱུར།སྡེ་བའི་བྱིས་སྐྱོང་ཁང་བཙུགས་པར་དངོས་གནས་དགའ་ཡོད།སྔོན་ཆད་བྱིས་པ་གྲོང་རྡལ་དུ་སྐྱེལ་དགོས་པས་སྟབས་བདེ་མ་རེད།ད་ལྟ་བྱིས་སྐྱོང་ཁང་སྒོ་རྩར་ཡོད་ལ་བྱིས་པས་ཉིན་ལྟར་བདེ་འཇགས་དང་སྤྲོ་སྣང་ལྡན་པའི་ངང་འདི་གར་སློབ་སྦྱོང་དང་རོལ་རྩེད་བྱེད་ཀྱི་ཡོད་པས་ང་ཚོའི་ཁྱིམ་བདག་ཚོའི་བློ་བདེ་པོ་བྱུང་ཡོད་ཟེར།

ད་ལྟ།ཀོས་ནན་རྫོང་གི་སློབ་སྔོན་སློབ་གསོ་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད།སྡེ་བ་རིམ་པའི་བྱིས་སྐྱོང་ཁང37ཕྱོགས་ཡོངས་ནས་རིམ་སྤོར་སྒྱུར་བཀོད་ལེགས་གྲུབ་བྱུང་ནས་བེད་སྤྱོད་གཏོང་མགོ་ཚུགས་པ་དེས་ས་གནས་ཀྱི་བྱིས་པ་དག་བྱིས་སྐྱོང་ཁང་དུ་ཞུགས་དཀའ་བའི་གནད་དོན་ཐག་གཅོད་བྱས་ཏེ།བྱིས་པ་ཚོ་ཡར་རྒྱས་དང་སྤྲོ་དགའི་གནས་མལ་བཟང་བོ་དང་ཁྱིམ་བདག་ཚོའི་བསྟོད་བསྔགས་དང་ཡིད་ཆེས་ཀྱི་གནས་སུ་གྱུར་ཡོད།

ཀོས་ནན་རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་དཔལ་ལྡན་མགོན་པོ་ཡིས་བཤད་རྒྱུར།ཀོས་ནན་རྫོང་གིས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་རྒྱུ་དེ་དམིགས་ཚད་དུ་བྱས་ནས་བྱིས་སྐྱོང་ཁང་འཛུགས་སྐྲུན་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་བཅའ་སྡོད་ཁུལ་ལྷན་སྦྱར་བྱིས་སྐྱོང་ཁང་བཅོས་སྒྲིག་སོགས་སློབ་གསོའི་གཙོ་གནད་དམངས་འཚོའི་ལས་གྲྭར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་རང་རྫོང་གི་སློབ་སྔོན་སློབ་གསོ་ཁྱབ་གདལ་དང་ཀུན་ཕན་གྱི་དམིགས་ཚད་ལ་འགན་ལེན་ནུས་ལྡན་བྱས་པས་ཁྱབ་གདལ་དང་ཀུན་ཕན་གྱི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད།ལམ་ལུགས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་།དགེ་རྒན་དཔུང་ཁག་ལ་མུ་མཐུད་ཤུགས་སྣོན་རྒྱག་པ།འགན་ལེན་དང་སློབ་གསོའི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ་བཅས་སློབ་སྔོན་སློབ་གསོར་མཆོང་སྐྱོད་གསར་པ་ཡོང་བར་བྱས་ཡོད།ང་ཚོས་བྱིས་སྐྱོང་ཁང་རེར་ཁྱད་ཆོས་རེ་དང་ཞང་གྲོང་རེར་ཁྱད་ཆོས་རེ་ལྡན་པའི་བྱིས་སྐྱོང་ཁང་གཉེར་བའི་རྣམ་པ་མུ་མཐུད་མཐའ་འཁྱོངས་ཀྱིས་ཁ་ཕྱོགས་བརྟན་པོ་དང་། ལྷག་བསམ་རྣམ་དག  སྒྱུར་བཅོས་གསར་གཏོད་བཅས་བྱས་ཏེ་ཀོས་ནན་རྫོང་གི་སློབ་སྔོན་སློབ་གསོ་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བའི་འབད་འབུངས་ཀྱི་ལེའུ་གསར་པ་ཞིག་རྩོམ་རྒྱུ་ཡིན་ཟེར།   



རྩོམ་སྒྲིག་པ། འབྲུག་མཚོ་སྐྱིད།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章