ལས་ཞུགས་ཀྱི་ཡོང་སྒོ་འཕར་བར་བྱས།

时事   2024-11-14 21:13   青海  


བསོད་ནམས་དབང་ཅན་ནི་མང་ཆུ་གྲོང་རྡལ་མཐའ་བ་སྡེ་བའི་ཡིན་ཞིང་།ཕ་ཡི་ཤུགས་རྐྱེན་གྱིས་ཤིང་བརྐོས་སྒྱུ་རྩལ་ལ་ཧ་ཅང་དགའ་པོ་ཡོད།དུས་ཡུན་རིང་པོའི་ནང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་མཚོ་སྔོན་བོད་ལུགས་ཁྱིམ་ཆས་ཚད་ཡོད་ཀུང་སི་བཙུགས་པ་དང་།ཤིང་བརྐོས་ལག་རྩལ་པ་ཞིག་ནས་བོད་ལུགས་ཁྱིམ་ཆས་ཀུང་སིའི་འགན་འཁུར་བ་ཞིག་ཏུ་གྱུར།ལོ་ངོ་བཅུ་ལྷག་ཙམ་གྱི་རིང་ཕ་བུ་གཉིས་ཀྱིས་སྲོལ་རྒྱུན་གྱི་ལག་རྩལ་དེ་བརྒྱུད་འཛིན་བྱས་ཡོད།ཁྲོམ་རའི་དགོས་མཁོར་གཞིགས་ནས་ཀུང་སིས་རྒྱུན་ཆད་མེད་པར་ཐོན་རྫས་གསར་གཏོད་དང་ཁྱད་ལྡན་གྱི་བོད་ལུགས་ཁྱིམ་ཆས་མང་པོ་བཏོན་པར་ཁྲོམ་རའི་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད།སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད། 

 ཉེ་ཆརགསར་འགོད་པ་མཚོ་སྔོན་བོད་ལུགས་ཁྱིམ་ཆས་ཚད་ཡོད་ཀུང་སིར་སྐྱོད་སྐབས།ཐོན་སྐྱེད་འཁོར་ཁང་ནང་བཟོ་པ་བཅུ་ཕྲག་ཁ་ཤས་ལས་ལ་བྲེལ་བཞིན་ཡོད་པ་མཐོང་བྱུང་།ཤིང་བརྐོས་ཁུལ་དུ་བཟོ་པ་ཁ་ཤས་ཀྱིས་བློ་རྩེ་གཅིག་སྒྲིམ་གྱིས་ཤིང་ལ་རི་མོ་བརྐོ་བཞིན་ཡོད་ཅིང་།ཁོ་ཚོའི་མིག་མདངས་བརྟན་ལ་བརྐོས་པ་ཧ་ཅང་ཞིབ་ཚགས་རེད།བརྡར་ཁུལ་དུའང་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཤིང་།ལས་མི་ཚོ་ནན་ཏན་གྱིས་བརྡར་ཆས་ལ་འཇུས་ཏེ་ཤིང་ཆས་ཐོག་ཡང་དང་བསྐྱར་དུ་ཕུར་ནས་ཇེ་འཇམ་ལ་གཏོང་བཞིན་ཡོད་པས་འཁོར་ཁང་ལས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་དེ་དེང་རབས་ཀྱི་ཚོང་ལས་ཁོར་ཡུག་ཁྲོད་མཉམ་འདྲེས་བྱུང་བའི་རྣམ་པ་དེར་མྱོང་རོལ་ཐུབ

 མཚོ་སྔོན་བོད་ལུགས་ཁྱིམ་ཆས་ཚད་ཡོད་ཀུང་སིའི་ལས་བཟོ་ཚེ་བརྟན་སྒྲོལ་མ་ཡིས་བཤད་རྒྱུར།ང་ཀུང་སི་འདིར་ཡོང་ནས་ལོ7ལྷག་ཙམ་འགོར།ངའི་ལས་ཀ་ནི་ཁྱིམ་ཆས་སྣ་ཚོགས་ཀྱི་རི་མོ་རྐོ་བ་དང་བརྡར་རྒྱུ་དེ་ཡིན།ཟླ་རེར་གླ་ཆ་སྒོར8000ནས11000ཙམ་ཡོད།འདིས་ངེད་ཚང་གི་དཔལ་འབྱོར་ཡོང་འབབ་འཕར་བ་མ་ཟད།ཁྱིམ་མིར་ལྟ་རྟོག་ཡང་བྱེད་ཐུབ་པས་ངོ་མ་ཅིག་བཟང་ཟེར

 བསོད་ནམས་དབང་ཅན་གྱིས་ཕའི་རྒྱབ་སྐྱོར་དང་རོགས་རམ་འོག་རང་ངོས་ཀྱི་ལག་རྩལ་མཐོ་རུ་གཏོང་གང་ཐུབ་བྱེད་ཀྱིན་ཡོད།སྲོལ་རྒྱུན་གྱི་བོད་ལུགས་ཁྱིམ་ཆས་བཟོ་རྩལ་ལ་རྒྱུ་ཆ་ལེན་པ་ནས་ཞིབ་པར་རྐོ་བའི་བར་དང་།བརྡར་རྩི་རྒྱག་པ།རྒྱན་སྤྲས་པ་བཅས་ཀྱི་ལྷུ་ཚིགས་ཚང་མར་ཁོ་ཚོའི་དཀའ་སྤྱད་དང་འབད་བརྩོན་འདུས་ཡོད།ཁྱིམ་ཆས་སྤུས་ལེགས་དེ་དག་ནི་ལག་རྩལ་གྱི་ཉིང་བཅུད་ཡིན་ལ།རིག་གནས་རྒྱུན་འཛིན་གྱི་དཔེ་རིས་ཤིག་ཀྱང་ཡིན། 

  མཚོ་སྔོན་བོད་ལུགས་ཁྱིམ་ཆས་ཚད་ཡོད་ཀུང་སིའི་འགན་འཁུར་བབསོད་ནམས་དབང་ཅན་གྱིས་བཤད་རྒྱུར།ང་ཚོའི་ཀུང་སི་བཙུགས་ཚུན་ས་གནས་མང་ཚོགས15ཙམ་ལས་ཞུགས་ཐུབ་པ་དང་ཁོ་ཚོས་འདི་རུ་ཤིང་བརྐོས་དང་བརྡར་གཏོང་ལག་རྩལ་སྦྱོང་ཐུབ།ཁྱིམ་ཆས་དེ་དག་གཙོ་བོ་མཚོ་བྱང་ཁུལ་དང་།མཚོ་ནུབ་ཁུལ།ཆུ་ལེན་རྫོང་།རྨ་ལྷོ་རྫོང་།གཅན་ཚ་རྫོང་སོགས་མཐའ་འཁོར་ས་ཁུལ་དུ་འཚོང་གི་ཡོདརྗེས་མར་ཀུང་སིས་ས་གནས་འདིའི་མང་ཚོགས་ལ་མུ་མཐུད་ལས་ཞུགས་ཐུབ་པ་བྱས་ནས་གྲོང་གསེབ་དར་རྒྱས་ཡོང་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར



རྩོམ་སྒྲིག་པ། འབྲུག་མཚོ་སྐྱིད།

རྩོམ་སྒྲིག་འགན་འཁུར་བ། ཚེ་རིང་སྐྱིད། 

ལྟ་སྐུལ་བ། བཀྲ་ཤིས་ཚེ་རིང་། རིག་འཛིན་རྡོ་རྗེ། 

贵南政务
འཕྲིན་སྟེགས་འདིར་མང་རྫོང་གི་སྲིད་འབྱོར་རིག་གསུམ་གྱི་གནས་ཚུལ་ཉིན་རྒྱུན་སྤེལ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ཐུགས་ཁུར་ཡོད་པར་ཞུ།
 最新文章