༢༠༢༥ལོའི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་གལ་ཆེན་ཞིག་འཚོགས།

时事   2024-12-10 19:31   四川  

༢༠༢༥ལོའི་དཔལ་འབྱོར་ལས་ཀའི་གྲོས་ཚོགས་གལ་ཆེན་ཞིག་འཚོགས།

ཟླ་བ་བཅུ་གཉིས་པའི་ཚེས་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་འཚོགས་ནས། ༢༠༢༥ལོའི་དཔལ་འབྱོར་ལས་ཀར་དབྱེ་ཞིབ་དང་ཞིབ་འཇུག་བྱེད་པ་དང་། ཀྲུང་དབྱང་སྒྲིག་ཨུའི་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ལས་ཀའི་སྙན་ཞུར་གསན་པ། ༢༠༢༥ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་།

གྲོས་ཚོགས་ཐོག  ད་ལོ་ནི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་འཆར་འགོད་དམིགས་འབེན་ལས་འགན་འགྲུབ་པའི་འགག་རྩའི་ལོ་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་དང་། འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་ཕྱོགས་བསྡུས་སྲིད་ཇུས་ལག་བསྟར། དཔལ་འབྱོར་འཁོར་བསྐྱོད་སྤྱིའི་ཆ་ནས་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་ཡོད། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་ཚན་རྩལ་གྱི་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་ཤུགས་བཅས་མུ་མཐུད་དུ་ཇེ་ཆེར་འགྲོ་བཞིན་ཡོད། སྤུས་གསར་ཐོན་སྐྱེད་ནུས་ཤུགས་བརྟན་ཐོག་འཕེལ་རྒྱས་དང་བཅོས་བསྒྱུར་སྒོ་འབྱེད་རྒྱུན་མཐུད་ཟབ་སྤེལ། ཁྱབ་ཁོངས་གཙོ་བོའི་ནང་གི་ཉེན་ཁ་ཐག་གཅོད་ནུས་ལྡན་བྱེད་པ། དམངས་འཚོ་འགན་སྲུང་ནུས་ལྡན་བྱེད་པ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གཙོ་བོ་བདེ་བླག་ངང་གྲུབ་ཡོད་པ་བསྟན་ཡོད།

གྲོས་ཚོགས་ཐོག  སང་ལོའི་དཔལ་འབྱོར་ལས་ཀ་ཡག་པོ་སྒྲུབ་དགོས་ན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་སྙིང་དོན་ཕྱོགས་ཡོངས་ནས་ལག་བསྟར། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱི་འགྲོས་རྒྱུན་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་ལེན་ཡང་དག་བསྟར་བ། འཕེལ་རྒྱས་ཀྱི་གནས་བབ་གསར་པ་མགྱོགས་མྱུར་འཛུགས་པ། སྤུས་མཐོའི་འཕེལ་རྒྱས་གཏོང་བ། ཕྱོགས་ཡོངས་བཅོས་བསྒྱུར་ཟབ་མོ་སྔར་ལས་ཡག་པོ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་། འཕེལ་རྒྱས་དང་བདེ་འཇགས་སྔར་ལས་གཅིག་གྱུར་འཆར་འགོད། སྔར་ལས་ནུས་ལྡན་གྱི་སྤྱི་ཁོག་སྲིད་ཇུས་ལག་བསྟར། རྒྱལ་ནང་དགོས་མཁོ་རྒྱ་བསྐྱེད། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཟུང་འབྲེལ་འཕེལ་རྒྱས་གཏོང་བ། ཁང་པ་དང་མ་རྐང་གི་ཚོང་ར་བརྟན་པོ་གཏོང་བ། ཁྱབ་ཁོངས་གཙོ་བོའི་ནང་གི་ཉེན་ཁ་དང་ཕྱི་ཕྱོགས་འགལ་བ་སྔོན་འགོག་དང་ཐག་གཅོད་བྱེད་པ། སྔོན་དཔག་བརྟན་པོ་དང་གསོན་ཤུགས་སློང་བ། དཔལ་འབྱོར་རྒྱུན་མཐུད་ཇེ་ཡག་གཏོང་བ། མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བཏང་ནས། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་རྒྱུན་འཁྱོངས་བྱེད་དགོས། སྤུས་མཐོའི་ངང་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་དམིགས་འབེན་ལས་འགན་འགྲུབ་པར་བྱས་ནས། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པར་འགོ་ཡག་པོ་ཚུགས་པར་རྨང་གཞི་བརྟན་པོ་འཇོག་དགོས་ཞེས་ནན་གྱིས་བསྟན་པ་རེད།

གྲོས་ཚོགས་ཐོག སང་ལོར་བརྟན་ཐོག་ཡར་བརྩོན་རྒྱུན་འཁྱོངས་དང་ཡར་བརྩོན་གྱིས་བརྟན་བརླིང་སྐུལ་བ། དྲང་སྲུང་གསར་གཏོད། སྔ་འཛིན་ཕྱི་གཏོད། མ་ལག་གཅིག་འདུས། མཐུན་སྦྱོར་རམ་འདེགས་བཅས་བྱས་ནས།  སྔར་བས་ལེགས་ཆ་ལྡན་པའི་ནོར་སྲིད་སྲིད་ཇུས་དང་ལྷོད་གཡེང་འོས་མཚམ་གྱི་དངུལ་ལོར་སྲིད་ཇུས་ལག་བསྟར་བྱེད་པ། སྲིད་ཇུས་ལག་ཆ་འཐུས་ཚང་གཏོང་བ། རྒྱུན་ལྡན་མིན་པའི་དུས་ཡུན་ལྡོག་པའི་ལེགས་སྒྲིག་ཇེ་དྲག་གཏོང་བ། སྲིད་ཇུས་ཀྱི་འདྲེས་སྦྱོར་བྱེད་ཐབས་ལག་བསྟར་ཡག་པོ་བྱས་ནས། སྤྱི་ཁོག་སྙོམ་སྒྲིག་གི་མདུན་ལྗོངས་རང་བཞིན་དང་ཁ་གཏད་རང་བཞིན། ནུས་ལྡན་རང་བཞིན་བཅས་མཐོར་འདེགས་གཏོང་དགོས། ནུས་ཤུགས་ཡོད་རྒུས་འཛད་སྤྱོད་ཡར་སྤར་དང་དངུལ་གཏོང་ཕན་འབྲས་མཐོར་འདེགས་བཏང་ནས་ཁྱོན་ཡོངས་ནས་རྒྱལ་ནང་དགོས་མཁོ་རྒྱ་བསྐྱེད་དགོས། ཚན་རྩལ་གསར་གཏོད་ཀྱིས་སྤུས་གསར་གྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཡོང་བར་སྣེ་ཁྲིད་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་བྱེད་དགོས། དཔལ་འབྱོར་ལམ་ལུགས་བཅོས་བསྒྱུར་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས་མཚོན་བྱེད་རང་བཞིན་གྱི་བཅོས་བསྒྱུར་བྱེད་ཐབས་དོན་ཐོག་འཁྱོལ་བ་བྱེད་དགོས། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་ནས། ཕྱི་འཚོང་དང་ཕྱི་དངུལ་བརྟན་པོ་ཡོང་བ་བྱེད་དགོས། ནུས་ལྡན་གྱིས་ཁྱབ་ཁོངས་གལ་ཆེན་གྱི་ཉེན་ཁ་སྔོན་འགོག་བྱས་ནས། མ་ལག་ཆ་ཚང་བའི་ཉེན་ཁ་མི་འབྱུང་བའི་མ་མཐའི་ཚད་གཞི་བརྟན་སྲུང་བྱེད་དགོས། རྒྱུན་ཆད་མེད་པར་དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་ཇེ་བརྟན་བཏང་ནས་གྲོང་ཁྱེར་དང་གྲོང་བརྡལ་ཅན་གསར་པ་དང་གྲོང་གསེབ་ཁྱོན་ཡོངས་དར་རྒྱས་ཡོང་བར་གཅིག་གྱུར་འཆར་འགོད་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་མཉམ་བསྲེས་འཕེལ་རྒྱས་ཡོང་བ་བྱེད་དགོས། ས་ཁོངས་འཐབ་ཇུས་ལག་བསྟར་ནུས་ཤུགས་ཇེ་ཆེར་བཏང་ནས། ས་ཁོངས་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་དྲག་གཏོང་དགོས། ཐཱན་ཕབ་འབག་འཕྲི་དང་ལྗང་བསྐྱེད་མཐུན་སྦྱོར་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་འབག་མེད་ལུགས་བསྒྱུར་ཡོང་བ་བྱེད་དགོས། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཇེ་ཆེར་བཏང་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་དྲག་གཏོང་དགོས་ཞེས་བཏོན་པ་རེད།

གྲོས་ཚོགས་ཐོག ཏང་གིས་དཔལ་འབྱོར་ལས་ཀའི་དབུ་ཁྲིད་ཇེ་དྲག་བཏང་ནས། ཏང་ཀྲུང་དབྱང་གི་གྲོས་ཆོད་བཀོད་སྒྲིག་སོ་སོ་དོན་ཐོག་འཁྱོལ་བ་བྱེད་དགོས། ཕྱོགས་སོ་སོའི་ཧུར་སེམས་འདོན་སྤེལ་གང་ལེགས་བྱས་ནས་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་ནང་སྐྱེས་སྒུལ་ཤུགས་སྐུལ་སློང་བྱེད་དགོས། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་དང་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད། མཐུན་སྦྱོར་མཉམ་འབྲེལ་ཇེ་དྲག སྔོན་དཔག་དོ་དམ་ཇེ་དྲག་བཅས་བྱས་ནས་སྲིད་ཇུས་སྤྱིའི་ཕན་ནུས་མཐོར་འདེགས་གཏོང་དགོས། དམངས་འཚོ་འགན་སྲུང་དང་བདེ་འཇགས་བརྟན་བརླིང་གི་ལས་ཀ་སོ་སོ་ཡག་པོ་བསྒྲུབས་ནས། སྤྱི་ཚོགས་སྤྱི་ཁོག་བརྟན་བརླིང་ཡོང་བ་བྱེད་དགོས་ཞེས་ནན་གྱིས་བཏོན་པ་རེད།

གྲོས་ཚོགས་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་མཛད་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཀྲུང་དབྱང་སྒྲིག་ཨུའི་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་རིམ་པ་ཁག་གི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཡང་སྒོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་ཉིད་གསར་བརྗེའི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས། ཆབ་སྲིད་ལྟ་སྐུལ་རྒྱུན་མཐུད་ཇེ་དྲག་དང་སྲིད་གཙང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་ཇེ་དྲག་གཏོང་བ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏན་སྤེལ་བ། ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་སྙིང་དོན་ལག་བསྟར་དོན་འཁྱོལ་ཟབ་མོ་བྱེད་པར་སྐུལ་བ། མང་ཚོགས་ཉེ་འགྲམ་གྱི་སྤྱོད་གཙང་མིན་པ་དང་རུལ་སུངས་གནད་དོན་གཅིག་བསྡུས་དག་ཐེར་བྱེད་པ། རུལ་སུངས་འབྱུང་ཁུངས་དང་ཆ་རྐྱེན་གཙང་སེལ་བྱས་ནས། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་མ་ལག་འཐུས་ཚང་གཏོང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟ་ཞིབ་མ་ལག་འཐུས་ཚང་གཏོང་བ་རེད། བརྗོད་བྱ་གཙོ་བོའི་སློབ་གསོ་དང་སློབ་གསོ་དག་ཐེར་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། བགྲོད་ལམ་གསར་པའི་སྒྲིག་བཤེར་ལྟ་ཞིབ་ལས་ཀ་སྤུས་ཀ་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་ཡོད་ཅེས་ནན་གྱིས་བསྟན་པ་རེད། 

གྲོས་ཚོགས་ཐོག སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་རྒྱུན་འཁྱོངས་བྱེད་དགོས་པ་དང་། གཏན་ཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་པ། སྲུང་སྐྱོང་གཉིས་རྦད་དེ་སྒྲུབ་པ། རུལ་སུངས་ལ་ཆད་གཅོད་ཀྱི་གནས་བབ་རྒྱུན་འཁྱོངས་བྱས་ནས། རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་དེ་རྒྱ་ཇེ་ཆེར་དང་གཏིང་ཇེ་ཟབ་དུ་སྤེལ་དགོས། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འགན་སྲུང་ནུས་ལྡན་འདོན་དགོས། སྲུང་སྐྱོང་གཉིས་ལ་དམིགས་ནས་ཆབ་སྲིད་ལྟ་སྐུལ་ཇེ་དྲག་གཏོང་བ། ཆབ་སྲིད་སྒྲིག་ལམ་དང་ཆབ་སྲིད་སྒྲིག་སྲོལ་གསལ་པོར་བྱེད་པ། བཅོས་བསྒྱུར་གལ་ཆེན་དོན་འཁྱོལ་བྱེད་ཚུལ་དེ་ལྟ་སྐུལ་ཞིབ་བཤེར་དང་སྐོར་གཟིགས་སྐོར་ཞིབ་ཀྱི་ནང་དོན་ནང་བཞག་ནས། ལྟ་ཞིབ་ནུས་ལྡན་ལ་བརྟེན་ནས་བཅོས་བསྒྱུར་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་གྲུབ་འབྲས་སྲ་བརྟན་དང་ཟབ་སྤེལ་བཏང་ནས། ཏང་གི་སྒྲིག་ཁྲིམས་སློབ་གསོའི་ཚོད་འཛིན་དང་སྐུལ་སློང་ནུས་པ་འདོན་སྤེལ་བྱེད་དགོས། 

ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་ཞིབ་བཤེར་བཅོས་སྐྱོང་ལམ་ལུགས་འཐུས་ཚང་བཏང་ནས། སྲོལ་སྲོང་རུལ་རྒོལ་གཞི་གཅིག་ཏུ་ཟབ་སྤེལ་གཏོང་བར་ཤུགས་འདོན་དགོས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་བཅོས་སྐྱོང་རྒྱུན་ཆད་མེད་པར་ཟབ་སྤེལ་གཏོང་བ་དང་། བཅོས་བསྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་སྔར་བས་འདྲ་མཉམ་སྒོས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཕན་པ་བསྐྲུན་དགོས། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་ཆབ་སྲིད་འགན་འཁྲི་ཇེ་དྲག་དང་། ནན་གྱིས་སྐྱོང་རྒྱུ་དེ་མཐའ་གཅིག་ཏུ་དོན་འཁྱོལ་འབྱུང་བར་ཤུགས་འདོན་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་དོན་ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན། དངོས་གཞི་ཅན་དུ་འཛུགས་སྐྱོང་བྱེད་པར་ཤུགས་བཏོན་ནས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་གཏོང་བ། བློ་དཀར་སྤྱོད་གཙང་དང་འགན་འཁྲི་འཁུར་ཕོད་པ་དང་། འཐབ་རྩོད་ཕོད་ཅིང་འཐབ་རྩོད་མཁས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ཚོགས་པ་འཛུགས་དགོས་ཞེས་གསུངས།

དེའི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའི་གྲོས་ཚོགས་འཚོགས་ནས། ཀྲུང་དབྱང་སྒྲིག་ཨུའི་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་ཉིས་སྟོང་ཉེར་བཞི་ལོའི་ལས་ཀའི་གནས་ཚུལ་དང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་གྲ་སྒྲིག་གནས་ཚུལ་སྙན་ཞུ་ཕུལ་བར་གསན་པ་རེད།

གྲོས་ཚོགས་ཐོག་སང་ལོའི་ཟླ་བ་དང་པོའི་ཚེས་དྲུག་ཉིན་ནས་ཚེས་བརྒྱད་ཉིན་བར་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོག་རྒྱུར་གྲོས་འཆམ་བྱུང་།

གྲོས་ཚོགས་ཐོག་ད་དུང་དོན་ཚན་གཞན་དག་ལའང་ཞིབ་འཇུག་གནང་། 

རྩོམ་སྒྲིག་པ།  ལྷ་མོ་བཀྲ་ཤིས།

ཞུ་ཆེན། པ་སངས་རྡོ་རྗེ།

གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།

ལྟ་སྐུལ་པ། འཆི་མེད་དབང་མོ།


གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་

ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།

关注我们  

微信号 :weikangba

新浪微博 :康巴藏语卫视

ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག



康巴卫视
关注康巴卫视,了解涉藏地区动态。(互联网新闻信息服务许可证编号:51120200124)
 最新文章