སི་ཁྲོན་ཞིང་ཆེན་བོད་ཀྱི་དམངས་གཞས་འཕེལ་རྒྱས་ཡར་སྐུལ་མཐུན་ཚོགས་ཀྱི་༢༠༢༤ལོའི་ལོ་འཁོར་ཚོགས་འདུ་དང་བོད་ཀྱི་དམངས་གཞས་པར་དབང་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གི་ཚོགས་འདུ་འཚོགས།
ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་ཉིན། སི་ཁྲོན་ཞིང་ཆེན་བོད་ཀྱི་དམངས་གཞས་འཕེལ་རྒྱས་ཡར་སྐུལ་མཐུན་ཚོགས་ཀྱི་༢༠༢༤ལོའི་ལོ་འཁོར་ཚོགས་འདུ་དང་བོད་ཀྱི་དམངས་གཞས་པར་དབང་དང་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་གི་ཚོགས་འདུ་ཁྲེང་ཏུའུ་ནས་འཚོགས།
ཐེངས་འདིའི་ཚོགས་འདུའི་ཐོག་བོད་ཀྱི་རོལ་དབྱངས་རིག་གནས་ལ་བྱས་རྗེས་ཆེན་པོ་བཞག་དང་འཇོག་བཞིན་པའི་རོལ་མོ་བ་དང་ཆེད་མཁས་པ་ཡར་དུང་དང་བཀྲ་ཤིས་ཉི་མ། ཆོས་རྒྱ་མཚོ། ལིའུ་ཏང་ཆིན། སྨན་བླ་སྐྱབས། སྐྱིད་བྱམས་སོགས་གདན་འདྲེན་ཞུས་ཏེ། བོད་ཀྱི་དམངས་གཞས་འཕེལ་རྒྱས་ཡར་སྐུལ་མཐུན་ཚོགས་ཀྱི་༢༠༢༤ལོའི་ལས་ཀར་ཕྱོགས་བསྡོམས་དང་། ༢༠༢༥ལོའི་ལས་ཀའི་འཆར་འགོད་སྙན་སེང་ཞུས་ཤིང་། དམངས་གཞས་པར་དབང་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པར་དམིགས་ནས་གྲོས་བསྡུར་བྱས་པ་རེད།
སི་ཁྲོན་ཞིང་ཆེན་བོད་ཀྱི་དམངས་གཞས་འཕེལ་རྒྱས་ཡར་སྐུལ་མཐུན་ཚོགས་བཙུགས་ནས་ད་བར་རྒྱུན་ཆད་མེད་པར་ལས་རིགས་ཀྱི་ཤེས་ལྡན་མི་སྣ་བསྡུ་ལེན་བྱེད་བཞིན་ཡོད་ལ། ཐོག་མཐའ་བར་གསུམ་དུ་བོད་ཀྱི་དམངས་གཞས་རིག་གནས་འཕེལ་རྒྱས་ལ་དོ་ཁུར་ཆེན་པོ་བྱས་ཏེ། དམངས་གཞས་ཁྱབ་གདལ་དང་འཕེལ་རྒྱས་གཏོང་ཆེད་ནུས་ཤུགས་ཆེན་པོ་འདོན་བཞིན་ཡོད་པ་རེད།
ཚོགས་འདུའི་ཐོག དམངས་གཞས་སྲུང་སྐྱོང་དང་བདག་དབང་སྲུང་སྐྱོང་སྐོར་ནས་ཁྲིམས་ལུགས་ཤེས་བྱའི་འཆད་ཁྲིད་གནང་བ་དང་། ཆེད་ལས་ཁྲིམས་རྩོད་པ་གདན་འདྲེན་ཞུས་ཏེ་དཔེ་འདྲེན་རྣམ་པའི་ཐོག་ནས་འབྲེལ་ཡོད་བཅའ་ཁྲིམས་འཆད་འགྲེལ་གནང་བ་དང་། ཚང་མས་དམངས་གཞས་འཛིན་སྐྱོང་སྤེལ་གསུམ་སྐོར་ནས་གང་བསམ་ལྷུག་བརྗོད་གནང་ནས། བཅའ་ཁྲིམས་དང་ལས་རིགས་ཆེད་གཉེར་གྱི་འདུན་པ་དྲག་ཏུ་བཏང་ཡོད་པ་རེད།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། བཀྲ་ཤིས་ཉི་མ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག