རིག་གཞུང་ཁྲོད་ཀྱི་རྗེ་བཙུན་ཙོང་ཁ་པ།
ཐ་སྙད་ཚད་གྲུབ་ཁས་བླངས་ཙམ་གྱིས་མཁས་ཀུན་མགུ་བ་མིན་ན་ཡང་།།
ཞིག་པ་དངོས་པོར་བཞེད་པ་ཙམ་གྱིས་མཁྱེན་རྒྱ་ཆེ་བར་མི་སེམས་ཀྱང་།།
ཀུན་གཞི་རང་རིག་མི་འདོད་ཙམ་གྱིས་རྣམ་དཔྱོད་ལྷག་ཅེས་བརྗོད་མིན་ཡང་།།
བརྟགས་དོན་བཙལ་ཚེ་བརྟགས་ཆོས་རྙེད་པས་རིག་པ་སྨྲ་བར་མི་རློམ་ཡང་།།
བདེན་གཉིས་ངོ་བོ་གཅིག་ཏུ་བསྒྲུབས་པས་རྟེན་འབྲེལ་གོ་ཞེས་མི་སྨྲ་འང་།།
ཐེག་གསུམ་ལྟ་བ་མཉམ་པར་གསུངས་པས་ལྟ་གྲུབ་ལེགས་སྙམ་མི་འདོད་ཀྱང་།།
བདེན་གྲུབ་ཁོ་ན་དགག་བྱར་བཞེད་པས་དབུ་མ་གོ་ཞེས་མི་བསྔགས་ཀྱང་།།
རིགས་པས་མི་ཁེགས་རྟོག་ཡུལ་འདོད་པས་ཡུམ་དོན་རྟོགས་པར་མི་སྨྲ་ཡང་།།
སྒྲིབ་གཉིས་སྤངས་མཚམས་བཞེད་ཚུལ་དེ་ཡང་ལེགས་པར་སྨྲས་པར་མ་སེམས་ཀྱང་།།
དགོངས་པ་རབ་གསལ་ཞིབ་ཀྱིས་མཇལ་བས་དབུ་མ་འཇུག་པའི་ཚིག་དོན་དཔོག།
རྩ་ཤེར་ཊིཀ་ཆེན་རིམ་པར་མཇལ་བས་རྩ་བ་ཤེས་རབ་གལ་གནད་རྟོགས།།
ལེགས་བཤད་སྙིང་པོ་བཀླགས་སྐལ་བྱུང་བས་སེམས་ཙམ་ལུགས་ཀྱི་དཀའ་གནད་གོ།
ལྷག་མཐོང་ཆེ་ཆུང་ལེགས་པར་མཇལ་བས་ཐེག་ཆེན་ལམ་གྱི་སྙིང་པོ་གསལ།།
ལྟ་བའི་གཞུང་ཆེན་འདི་ལྔར་བསྟེན་ནས་ཕྱི་རབས་དབུ་མའི་བཞེད་མཚམས་ཤེས།།
དཀའ་གནད་བརྒྱད་ཀྱི་ཟིན་བྲིས་མཐོང་བས་ཐལ་རང་གྲུབ་མཐའི་གནད་འགའ་རྟོགས།།
ལམ་གཙོ་རྣམ་གསུམ་ལན་མང་ཐོས་པས་ཐུགས་ཀྱི་བཞེད་པར་ཡིད་ཆེས་འཕེལ།།
ལེགས་བཤད་གསེར་ཕྲེང་ལེགས་པར་མཇལ་བས་སྐུ་ཚེ་སྟོད་ཀྱི་མཁྱེན་རྩལ་དཔོག།
ཐུན་མོངས་ཐུན་མིན་རྣམ་ཐར་མཇལ་བས་ཁྱེད་ལ་དད་འདུན་ལྷག་པར་འཁྲུངས།།
ལྷག་ཏུ་རྣམ་ཐར་ཆེན་མོར་བལྟས་ན་འདུལ་བསྟན་སྲོག་ལྟར་གཅེས་པ་གོ།
གསང་སྔགས་འགྲེལ་བ་ཆེ་ཆུང་མཇལ་བས་ཚེ་གཅིག་ཐུགས་དམ་གང་མཛད་མངོན།།
གསང་འདུས་འགྲེལ་ཆེན་ཆེད་དུ་མཇལ་བས་གསང་སྔགས་རྒྱུད་དང་བསྟུན་ཚུལ་ཤེས།།
མདོར་ན་སྔ་ཕྱིའི་ལེགས་རྩོམ་དག་གིས་སྐྱེས་ཆེན་ཞིག་གི་བཞུད་ལམ་རྙེད།།
ཨེེ་མ་བཀའ་དྲིན་རབ་ཏུ་ཆེ་འོ་མཁས་པ་ཆེན་པོ་བློ་བཟང་གྲགས།།
ད་དུང་ཐུགས་རྗེས་ཀུན་ཏུ་ཟུངས་ཤིག་སྒྲིབ་མེད་རྗེ་བཙུན་མཁྱེན་པའི་གཏེར།།
ཞེས་དགའ་ལྡན་ལྔ་མཆོད་དམ་རྗེ་བཙུན་ཆེན་པོ་ཙོང་ཁ་པའི་དགོངས་རྫོགས་དུས་ཆེན་ཉིན་ཀརྨ་འཕྲིན་སྟོབས་སམ་གངས་སྐྱེས་བསིལ་རླུང་གིས་འགྲུལ་བཞུད་ཀྱི་ལམ་བར་ནས་ཤར་མར་བྲིས།