༡༽ཐ་སྙད་ཚད་གྲུབ་སྐོར་བགྲོ་གླེང་། ངག་གི་དབང་ཕྱུག །མཁར་ཡོན་རྒྱལ།

文摘   2024-12-29 19:26   西藏  

1)ཐ་སྙད་ཚད་གྲུབ་སྐོར་བགྲོ་གླེང་། ངག་གི་དབང་ཕྱུག

2)ནང་དོན། རྩ་དམ་བཅུ་ཤོར་མ། མཁར་ཡོན་རྒྱལ།

3) ཐ་སྙད་ཚད་གྲུབ་སྐོར་བགྲོ་གླེང་། མཁར་ཡོན་རྒྱལ། ངག་གི་དབང་ཕྱུག

ཐ་སྙད་ཚད་གྲུབ་ཀྱི་གདོན་ཞུགས་པའི་ངག་གི་དབང་ཕྱུག་ལ་མཁར་ཡོན་རྒྱལ་ནས་བཀའ་བསྒོ་བགེགས་བསྐྲད་གནང་བ།


རྩོམ་པ་པོ། བཀའ་བརྒྱུད། མཁར་ཡོན་རྒྱལ།


གངས་རི་ལྗོངས་ཀྱི་རྒྱལ་བསྟན་སྨྲ་བ་འགའ།།

སྟོན་པའི་བཀའ་ལས་བསྟན་བཅོས་ལྷག་པ་དང་།།

ཚད་ལྡན་རྒྱ་ཆོས་དག་ལས་བོད་ཆོས་བཙུན།།

དེ་ཡང་ཕྱིས་བྱུང་གཙུག་ཏུ་བཀུར་བ་རྣམས།།

ནང་བསྟན་འཛིན་པའི་གྲལ་དུ་ཚུད་པ་དཀའ།།


ཐ་སྙད་བདེན་པ་བསླུ་བ་མེད་པ་དང་།།

དེ་བློ་ལ་བལྟོས་བདེན་པའི་ཞིབ་ཆ་གཉིས།།

ཕུགས་ཀྱི་འཁྲུལ་རྒྱུས་ལྷད་པ་འདྲ་འདུག་པས།།

ལུགས་གཉིས་གང་གི་རྗེས་སུ་འབྲང་ན་ཡང་།།

ཀླུ་ཐོགས་རིང་ལུགས་འཛིན་པའི་གྲལ་དུ་མེད།།


ཁྲ་ཁྲ་མིག་ལ་སྣང་བའི་དཀར་དམར་དང་།།

ནར་ནར་ལྕེ་ཡི་མྱོངས་བའི་མངར་སྐྱུར་སོགས།།

རང་རང་སྣང་བའི་བློ་ངོར་རྫུན་འདུག་ན།།

གང་ལ་མ་བལྟོས་ཤེས་བྱའི་རྣམ་གཞག་ཀུན།།

གནའ་དེང་རིག་པའི་གཞུང་དང་མི་མཐུན་ལོ།།


ཡོད་མེད་གཉིས་ཀྱི་ནང་ནས་ཡོད་པ་དང་།།

རྟག་དང་མི་རྟག་གཉིས་ལས་རྟག་པར་འདོད།།

སྤྱི་དང་བྱེ་བྲག་གཉིས་ལས་བྱེ་བྲག་དང་།།

ཡིན་མིན་གཉིས་ལས་མིན་ཞེས་ཁས་བླངས་ཀུན།།

བསྡུས་གྲྭའི་ནང་ཁྲིམས་ཙམ་ལས་སྙིང་པོ་མེད།།


འགལ་བ་ལ་གཏུགས་འགོག་པའི་འགལ་རྟགས་དང་།།

འབྲེལ་བ་ལ་གཏུགས་སྒྲུབ་པའི་འབྲས་རྟགས་སོགས།།

རྩ་བ་བོར་བའི་ཚུལ་གསུམ་རིགས་པའི་སྲོལ།།

གཙོ་བོ་ཕལ་བའི་བློ་ལ་གཏུགས་མཐོང་ན།།

ཚད་མའི་བཅའ་ཁྲིམས་འདི་ལ་ཡིད་རྟོན་ཅི།།


ཕ་ཆོས་ཏིང་འཛིན་རྒྱལ་པོ་ལ་སོགས་པའི།།

ངེད་དོན་བཀའ་དང་ཚད་ལྡན་ཀླུ་ཐོགས་གཞུང་།།

སྔ་རབས་དབུ་མའི་སྲོལ་བཟང་མ་འཁྲུལ་བར།།

ཚུལ་བཞིན་འཛིན་པ་མི་བསྐྱོད་རྡོ་རྗེ་ལས།།

གཞན་ཞིག་གངས་རིའི་ལྗོངས་སུ་མ་དམིགས་སོ།།


བདེན་གཉིས་ངོ་བོ་གཅིག་ཏུ་བཞེད་པ་དང་།།

བདེན་གཉིས་ངོ་བོ་ཐ་དད་འདོད་པ་གཉིས།།

གང་ལ་བསམས་ཀྱང་ཟུང་འཇུག་མི་འཐད་ལ།།

ཐབས་དང་ཐབས་བྱུང་དེ་ལས་འཐད་པར་དཀའ།།

དེའི་ཕྱིར་མདོ་ལས་གཅིག་དང་ཐ་དད་བཀག།


དངོས་རྣམས་ངོ་བོ་ཉིད་ལས་བྱུང་དང་གཅིག།

བདག་ཉིད་བདག་གི་འབྲས་བུ་འདོད་དང་གཉིས།།

ཞིག་པ་དངོས་པོ་རྒྱུ་རུ་འདོད་པ་གསུམ།།

སོ་སོའི་བཀའ་སྲོལ་བརྩི་ལ་འཐད་ན་ཡང་།།

ཡང་དག་ལུང་རིགས་ངོ་ལ་རྫུན་དུ་གདའ།།


དོན་གྱིས་དགག་བྱ་ཡོད་མཐའ་བཞེད་པ་དང་།།

མེད་མཐའ་གནས་ལུགས་འདོད་པའི་ལྟ་བ་དེས།།

ཤེས་སྒྲིབ་ཕྲ་མོ་འཇོམས་པར་མི་ནུས་པས།།

དེ་ལ་ཐམས་ཅད་མཁྱེན་པའི་སྐལ་བ་མེད།།

ཐ་སྙད་ཚད་གྲུབ་འདོད་ལ་ཐར་པའང་དཀའ།།


ཆོས་ཀུན་ཐ་སྙད་དུ་ཡོད་དོན་དམ་དུ།།

མེད་པར་རྟག་ཆད་ལྟ་བ་འཛིན་བཞིན་དུ།།

སྣང་དང་སྟོང་པས་མཐའ་གཉིས་སེལ་ལོ་ཞེས།།

རྟག་ཆད་སྤོང་བའི་ཐབས་གཞན་འཚོལ་བ་ལ།།

མཐའ་བྲལ་དབུ་མ་རྟོགས་པའི་སྐལ་བ་མེད།།


ངེས་དོན་རྒྱལ་བའི་བཀའ་དང་ཚིག་ཟིན་འགལ།།

ཚད་ལྡན་ཀླུ་ཐོགས་གཞུང་ལས་རིང་དུ་གྱུར།།

སྔ་རབས་དབུ་མའི་ལུགས་བཟང་དོར་བ་ལ།།

དེང་རབས་དངོས་ཁམས་རིག་པས་དངོས་སུ་གནོད།།

ཐ་སྙད་ཚད་གྲུབ་འདོད་ལ་གནོད་པ་མང་།།


ཡང་དག་རིགས་པའི་ངོ་ལ་མེད་དང་གཅིག།

མཐའ་ཐུག་ཚད་མའི་རྙེད་དོན་མིན་དང་གཉིས།།

རིགས་མཐུན་མྱོངས་བ་ཕན་ཚུན་འགལ་དང་གསུམ།།

རིག་པས་རིག་པ་རྫུན་པར་མཐོང་དང་བཞི།།

ཐ་སྙད་ཚད་གྲུབ་འདོད་ལ་འགལ་འདུ་མང་།།


ལྟ་སྒོམ་སྤྱོད་པའི་ཉེས་པ་ཕལ་མོ་ཆེ།།

ཐ་སྙད་ཚད་གྲུབ་འདོད་ལ་ཐུག་པ་དང་།།

དེ་ཡང་ཐ་སྙད་གསུམ་ལ་མ་ལྟོས་པར།།

རང་གར་བཀའ་བསྟན་བཅོས་འགྲེལ་བྱས་པས་ཉེས།།

རྒྱལ་བའི་དགོངས་པ་གནས་སྐབས་གསུམ་ལ་གནས།།


ཁ་ཅིག་གནས་སྐབས་གསུམ་དུ་ཕྱེས་ན་ཡང་།།

དང་པོའི་སྐབས་སུ་ཕྱི་དོན་ཞལ་བཞེས་མཛད།།

གཉིས་པའི་དུས་སུ་ཐམས་ཅད་སེམས་སུ་སྨྲ།།

གསུམ་པར་བརྗོད་བྲལ་ཁས་ལེན་བྱས་པ་དེ།།

རང་ག་ཡིན་གྱི་ཚད་ལྡན་ཁུངས་ལུང་མེད།།


གྲགས་པའི་རྟགས་ཀྱི་ནང་དོན་མ་རྟོགས་པར།།

ཐ་སྙད་གསུམ་གྱི་རྣམ་གཞག་མཛད་པ་འཁྲུལ།།

སྐབས་གསུམ་གང་ལ་ལྟོས་ཀྱང་ཁྱད་མེད་པར།།

མདོ་སྔགས་ཀུན་གྱི་སྙིང་པོ་རྟོན་པ་བཞིའི།།

གོ་རིམ་ཚུལ་བཞིན་འཛིན་པ་སྙིང་གཏམ་ཡིན།།

ཞེས་གཞལ་མེད་དྲྭ་བའི་ཁྱོན་ལ་རྟོན་པ་བཞི་ཡི་གོ་རིམ་འཁྲུགས་པའི་ལྟ་བ་ཐ་སྙད་ཚད་གྲུབ་ཀྱི་དངོས་དང་རྒྱུད་ནས་ལྷད་ཞུགས་པའི་དྲྭ་གྲོགས་འགའ་མཐོང་མ་ཐག་བསྟན་པ་ཚུལ་བཞིན་འཛིན་པ་ལ་ཐ་སྙད་ཚད་གྲུབ་ཀྱི་ལྟ་བ་དགག་བྱ་ཡིན་པའི་ཚུལ་ལུང་དང་རིགས་པའི་རྒྱ་མཚོ་མཛུབ་མོ་རི་སྟོན་ཚུལ་དུ་མཐའ་ཡས་པའི་རྒྱ་མཚོ་ངས་དཔའ་ཆེན་གྱིས་མདའ་འཕངས་པ་ལྟར་ཤར་མར་སྤྲིངས་པ་དགེ་ལེགས་འཕེལ།

ཆོས་འབྱུང་གླིང་དུ་མཁས་མང་དཀྱིལ་ལ་བགྲོ་བའི་སྤོབས་པ་མེད་པའི་མཁའ་ཡོན་རྒྱལ་ལ་ངག་གི་དབང་ཕྱུག་པས་བགེགས་བསྐྲད་བྱ་བ།


འཇམ་དཔལ་རྡོ་རྗེ་ཤེས་རབ་ངག་གི་ལྷ།།

རབ་ཁྲོས་གཤིན་རྗེ་གཤེད་པོའི་སྐུར་བཞེངས་ཏེ།།

ལུང་ཙམ་སྐྱབས་སུ་འཛིན་པའི་འབྱུང་པོ་ལ།།

རིགས་ལམ་མཚོན་ཆ་འཁོར་ལོས་བགེགས་བསྐྲད་བྱ།།


ཀུན་རྫོབ་ཁྱད་དུ་གསོད་པའི་ལུགས་ངན་ལ།།

བདེན་གཉིས་ཟུང་འཇུག་རུས་སྦལ་སྤུ་དང་མཚུངས།།

སྦྱོར་ལམ་མཚན་འཛིན་འདོད་པའི་ལུགས་ངན་ལ།།

མཐོང་ལམ་རྒྱུ་མེད་རི་བོང་རྭ་དང་མཚུངས།།


གཟུགས་སྐུ་སངས་རྒྱས་མེད་པའི་ལུགས་ངན་ལ།།

སྐུ་ཐུགས་ཟུང་འཇུག་ནམ་མཁའི་མེ་ཏོག་མཚུངས།།

བསྡུས་གྲྭའི་རིགས་ལམ་སྡང་བའི་ལུགས་ངན་ལ།།

རང་ལུགས་མོ་གཤམ་བུ་ཡི་སྤུན་མཆེད་མཚུངས།།


སྟོན་པའི་མདོ་དང་ཀླུ་སྒྲུབ་ལུགས་བཟང་ལས།།

སྟོང་དང་རྟེན་འབྱུང་འགལ་མེད་འབྲུག་ལྟར་གྲགས།།

རྟེན་འབྱུང་རྩྭ་ལྟར་དོར་བའི་ལུགས་ངན་ལ།།

ཟླ་གྲགས་ལེགས་བཤད་མྱོང་བའི་སྐལ་བ་བྲལ།།


ངག་གི་དབང་ཕྱུག་སྨྲ་བའི་སེང་གེ་བཞིན།།

མཁས་མང་དཀྱིལ་འཁོར་མི་འཇིགས་སྒྲ་སྒྲོག་པས།།

ལུང་རིགས་སྤོབས་པ་མེད་པའི་ཁྱི་ངན་རྣམས།།

མཁས་མང་བགྲོ་བའི་དཀྱིལ་ནས་རིང་དུ་བྲོས།།

2024/12/27/4/30/ དགག་ཡིག་མཐོང་མ་ཐག་ཏུ་ལན་འཕྲལ་མར་བྲིས་ཏེ་སྤྲིངས་སོ།།


རིགས་བྲལ་མཁའ་ཡོན་ལ་ནང་འགལ་བཅུ་དྲུག་གི་ཐག་པས་སྡོམ་པ།


རྒྱལ་བའི་བཀའ་ལ་དགོངས་འགྲེལ་ཟུར་ཟ་དང་།།

རང་གི་གོང་མས་འགྲེལ་འཐད་ནང་འགལ་ཡིན།།

རྟེན་འབྱུང་ཀུན་རྫོབ་ཡས་ནས་མེད་ཟེར་དང་།།

སྟོང་པ་རྟེན་འབྱུང་འདོད་པ་ནང་འགལ་ཡིན།།


སྦྱོར་ལམ་གོམས་ནས་མཐོང་ལམ་སྐྱེས་པ་དང་།།

སྦྱོར་ལམ་མཚན་འཛིན་འདོད་པ་ནང་འགལ་ཡིན།།

ཆོས་ཅན་མ་མཐོང་མཐོང་ལམ་བདེན་ཞེན་དང་།།

ཀུན་མཁྱེན་བདེན་གཉིས་མཉམ་གཟིགས་ནང་འགལ་ཡིན།།


རིགས་པ་ལུང་ལ་ཐུག་ཟེར་ཟུར་ཟ་དང་།།

ཏིང་འཛིན་མདོ་ལུང་རེ་བ་ནང་འགལ་ཡིན།།

ཡང་དག་ལུང་རིགས་རྟེན་འབྲེལ་འདོད་པ་དང་།།

རྟེན་འབྲེལ་གཞི་མེད་ཟེར་བ་ནང་འགལ་ཡིན།།


གདུལ་བྱའི་རྒྱུད་ཀྱིས་བསྡུས་པའི་སངས་རྒྱས་དང་།།

སེམས་ཅན་སངས་རྒྱས་འདོད་མིན་ནང་འགལ་ཡིན།།

སངས་རྒྱས་རང་སྣང་གཟུགས་སྐུ་འཁྲུལ་མེད་དང་།།

དེ་ཉིད་ཀུན་རྫོབ་འཁྲུལ་ཅན་ནང་འགལ་ཡིན།།


ཀུན་རྫོབ་གཞི་མེད་འདོད་བཞིན་དོན་དམ་བཞག།།

ཁྱད་གཞི་མེད་པའི་ཁྱད་ཆོས་ནང་འགལ་ཡིན།།

གཞི་ལམ་འབྲས་བུར་ཟུང་འཇུག་ཡོད་རབས་དང་།།

ཀུན་རྫོབ་གཞི་མེད་ཟུང་འཇུག་ནང་འགལ་ཡིན།།


གཞན་ལུགས་བསྡུས་གྲྭའི་རིགས་ལམ་མི་ཤེས་པར།།

རང་ལུགས་སངས་རྒྱས་གོ་འཕང་ནང་འགལ་ཡིན།།

སྟོན་པའི་མདོ་དང་ཀླུ་སྒྲུབ་རྟེན་འབྱུང་གསུངས།།

རྟེན་འབྱུང་ཡས་མེད་འདོད་པ་ནང་འགལ་ཡིན།།


རྟེན་འབྱུང་ཡེ་མེད་ཀུན་རྫོབ་ཐེམ་སྐས་ལས།།

དོན་དམ་ཁང་བཟང་འཛེག་ཟེར་ནང་འགལ་ཡིན།།

རྟེན་འབྱུང་ཅི་མེད་ཅང་མེད་ཟེར་བཞིན་དུ།།

ཅི་ཡང་འཆར་རུང་ཟེར་བ་ནང་འགལ་ཡིན།།


རྟེན་འབྱུང་ཡིན་ཚད་གཞི་མེད་འདོད་པ་དང་།།

དོན་དམ་རྟེན་འབྱུང་འདོད་པ་ནང་འགལ་ཡིན།།

དངོས་སྨྲས་ཡོད་ན་ངོ་བོས་ཡོད་ཟེར་ལྟར།།

མཁའ་ཡོན་དངོས་སྨྲ་གཉིས་མེད་ནང་འགལ་ཡིན།།

ངག་གི་དབང་ཕྱུག་ནས་མཁའ་ཡོན་གྱི་འཆལ་གཏམ་མཐོང་མ་ཐག་ཏུ་རིགས་ལམ་གྱི་ཐག་པས་སྡོམ་པའོ། །

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章