ས་ངོར་ཉི་ཟླ་རྣམ་གཉིས་ཀྱི་སྐུ་པར་གསར་པ་མཐོང་བ་རང་གྲོལ།
༸སྐྱབས་མཆོག་མཁན་རིན་པོ་ཆེ་རྣམ་པ་དང་། ཞབས་དྲུང་རྣམ་པས་དབུས་ངོར་དཔལ་ཨེ་ཝཾ་ཆོས་ལྡན་གྱི་འདུས་སྤྱི་ནས། རིགས་དང་དཀྱིལ་འཁོར་ཀུན་གྱི་གཙོ་བོ། སྐུ་བཞི་ཡེ་ཤེས་ལྔ་ཡི་ཁྱབ་བདག བདག་སོགས་བསྟན་འགྲོ་ཡོངས་ཀྱི་སྐྱབས་གཅིག བཀའ་དྲིན་སུམ་ལྡན་གྱི་དཔལ་ལྡན་བླ་མ་དམ་པ། ༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་ཞལ་སྔ་ནས། བསྟན་འགྲོའི་དཔལ་མགོན་དམ་པར་མཚན་དཔེའི་དཀྱིལ་འཁོར་བཞད་ནས་བགྲང་བྱ་བརྒྱད་ཅུ་བཞེས་པའི་སྐུའི་གྱ་སྟོན་དང་སྟབས་བསྟུན། ༸མགོན་པོ་གང་ཉིད་ནས་སྙིགས་དུས་རྒྱལ་བསྟན་ཤིན་ཏུ་ཉག་ཕྲ་བའི་སྐབས་དེར་བསྟན་འགྲོ་སྤྱི་དང་། ཁྱད་པར་འཁྲུལ་པ་ཟད་པའི་རྗེ་བཙུན་ས་སྐྱ་པའི་མདོ་རྒྱུད་མན་ངག་དང་བཅས་པ་རྨང་ནས་གསོས་ཤིང་། འཛམ་གླིང་གོ་ལ་ཀུན་ཏུ་ཁྱབ་པར་མཛད་པའི་ཚད་མེད་པའི་བཀའ་དྲིན་དང་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པར་བཀའ་དྲིན་རྗེས་དྲན་དང་། སླད་ཀྱང་མགོན་པོ་གང་ཉིད་བསྟན་འགྲོ་སྤྱི་དང་བདག་ཅག་གདུལ་བྱ་ཡོངས་ཀྱི་མགོན་དཔུང་དམ་པར་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམ་པ་གསུམ་ནམ་ཡང་མི་འགྱུར་བར་ངེས་པ་ལྔ་ལྡན་དུ། འཁོར་བ་ཇི་སྲིད་གནས་པ་དེ་སྲིད་དུ་འཚོ་ཞིང་གཞེས་ལ། ཐུགས་བཞེད་མཐའ་དག་ལྷུན་གྱིས་འགྲུབ་པའི་སླད་རྣམ་རྒྱལ་སྟོང་མཆོད་ཆེན་མོའི་སྒོ་ནས་སྐུའི་གྱ་སྟོན་བརྟན་བཞུགས་བསྟར་འབུལ་ཞུས།༢༠༢༥/༡/༡
ས༵་གསུམ་འགྲོ་བ་མ་ལུས་ཡོངས་ཀྱི་མགོན།།
ས༵་དགེ་བཀའ་རྙིང་རིས་མེད་བསྟན་པའི་བདག།
ས༵་སྟེང་མཁས་པ་ཀུན་གྱི་གཙུག་གི་རྒྱན།།
ས༵་སྐྱ་གོང་མའི་ཞབས་ལ་མགོས་ཕྱག་འཚལ།།
མཚན་མཆོག་གསུམ༵་ལྡན་གདུང་ལས་མཚན་དཔེ་བཞད།།
དཀོན་མཆོག་གསུམ༵་པོ་གཅིག་ཏུ་བསྡུས་པའི་གཟུགས།།
འཇིག་རྟེན་གསུམ༵་མགོན་དཔལ་ལྡན་བླ་མ་ཡི།།
སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་གྱུར་ཅིག།
དྲི་མེད༵་འཁོན་གདུང་གྲངས་མེད༵་འགྲོ་མགོན་དུ།།
དམིགས་མེད༵་ཐུགས་རྗེས་དཔག་མེད༵་བསྐལ་པ་རུ།།
འཇིགས་མེད༵་ཁྲི་ལ་གཡོ་མེད༵་རྟག་བཞུགས་ནས།།
ཟག་མེད༵་ཐུགས་བཞེད་བགེགས་མེད༵་འགྲུབ་གྱུར་ཅིག།