འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་ལྟ་མགུར་བཞུགས་སོ། །
མཛད་པ་པོ། འཇམ་མགོན་བློ་གྲོས་མཐའ་ཡས།
ན་མོ་གུ་རུ།
ཆོས་ཀུན་རྩ་བ་སེམས་ཡིན་པས།།
རང་སེམས་ངོ་བོ་སྐྱོང་ནུས་ན།།
སློབ་གཉེར་གང་ཡང་བྱ་མི་དགོས།།
བློ་གསལ་སྤྲོས་པ་ཕྱི་རུ་བཅད་།།
མི་ཚེར་བསླབ་སྦྱངས་བྱས་ན་ཡང་།།
ཀུན་ཤེས་གཅིག་རྡུག་གྱུར་པ་མང་།།
སྒོམ་ཆེན་སྤྲོས་པ་ནང་ནས་བཅད།།
ནམ་ཞིག་གནས་ལུགས་རྟོགས་པའི་ཚེ།།
གཅིག་ཤེས་ཀུན་གྲོལ་ཉིད་དུ་འགྱུར།།
ངོ་བོ་ཡོད་པ་མ་ཡིན་ཏེ།།
རྒྱལ་བས་ཀྱང་ནི་མ་གཟིགས་གསུངས།།
ཡོད་དམ་སྙམ་ན་རྟག་པའི་མཐའ།།
རང་བཞིན་མེད་པ་མ་ཡིན་ཏེ།།
གསལ་ཆ་འཁོར་འདས་ཀུན་གྱི་གཞི།།
མེད་དམ་སྙམ་ན་ཆད་པའི་མཐའ།།
མཐར་འཛིན་མུ་སྟེགས་ལྟ་དང་མཚུངས།།
ངོ་བོ་ཤེས་མཁན་དྲན་རིགས་ཡིན།།
དེ་ཉིད་ལས་དང་པོ་ལ་གཅེས།།
དྲན་པ་རང་ཡལ་སོང་བའི་ཚེ།།
གོམས་འདྲིས་བརྟན་པོ་ཐོབ་པ་ཡིན།།
ཆོས་ཉིད་ངང་དུ་འབྱམས་པ་ལ།།
དྲན་པ་ལོགས་སུ་འཚོལ་མི་དགོས།།
བསྒོམ་རྒྱུ་ཅི་ཡང་མེད་པ་ལ།།
ཡེ་ནས་ཡེངས་མ་མྱོང་བ་ནི།།
མཉམ་བཞག་རྗེས་ཐོབ་འདྲེས་པ་ཡིན།།
དེ་ལ་ངེས་ཤེས་ཐག་ཆོད་དགོས།།
སེམས་ལ་གཉིས་སྣང་མེད་ན་ཡང་།།
ཡུལ་སྣང་དབྱིངས་སུ་མ་གྲོལ་ན།།
ད་དུང་སྤྲོས་བྲལ་ཁ་འབྱམས་རྟགས།།
སྣང་བའི་སྟེང་དུ་འཕྲིག་ཚུད་ནས།།
སྣང་སེམས་གཅིག་ཏུ་འདྲེས་པའི་ཚེ།།
རོ་གཅིག་མངོན་དུ་གྱུར་པའི་རྟགས།།
སྣང་སེམས་ཆོས་ཉིད་དབྱིངས་སུ་སྟོར།།
བྱ་རྒྱུ་མེད་ཀྱང་བྱས་གོ་ཆོད།།
བསྒོམ་རྒྱུ་མེད་ཀྱང་ཐེ་ཚོམ་ཟད།།
བྱ་དང་མི་བྱའི་དགག་སྒྲུབ་མེད།།
བསྒོམ་མེད་རྒྱལ་ས་ཟིན་ཉེ་རྟགས།།
བླུན་སྒོམ་ཨུ་ཚུགས་ཅན་འགའ་རེ།།
མི་ཚེ་ཞི་གནས་ཙམ་པོ་དང་།།
ལྷག་མཐོང་རྟོག་མེད་ངང་ལ་འབྱམས།།
གནས་ལུགས་མངོན་དུ་གྱུར་དུས་མེད།།
སྐལ་ལྡན་འགའ་ཞིག་ལོ་ཟླས་ཀྱང་།།
ཉམས་རྟོགས་ཡར་ངོའི་ཟླ་བཞིན་འཕེལ།།
ཆོས་ཉིད་བདེན་པ་མངོན་དུ་གཟིགས།།
སྔོན་གྱིས་བསགས་རྒྱབ་ཆེ་ཆུང་དང་།།
མོས་གུས་སྙིང་རྗེའི་ཁྱད་པར་གདའ།།
ཁྱེད་ནི་སྐལ་ལྡན་བརྩོན་འགྲུས་ཆེ།།
ཚེ་གཅིག་ཉམས་ལེན་བྱས་པའི་འབྲས།།
རྟོགས་པ་ཀློང་དུ་གྱུར་ངེས་པས།།
ང་རྒྱལ་མེད་པའི་ངེས་ཤེས་དང་།།
མོས་གུས་སྙིང་རྗེས་བོགས་བཏོན་ནས།།
ས་ལམ་མཐའ་རུ་དབྱུང་བར་མཛོད།།
དེ་སྐད་ཕྱོགས་མེད་སྒྲུབ་པ་པོ།།
རྟོགས་ལྡན་ཆོས་གྲགས་གསུང་ལན་དུ།།
བློ་གྲོས་མཐའ་ཡས་ཀུ་སཱ་ལིས།།
ཙཱ་འདྲ་རིན་ཆེན་བྲག་གི་མདུན།།
དབེན་ཁྲོད་ཀུན་འོད་གླིང་ནས་ཕུལ།།
མངྒ་ལཾ།།