༸རྒྱ་གར་མཁས་པས་ཆོས་རྗེ་ས་པཎ་ལ་བསྟོད་པ།
ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལ་བསྟོད་པ་བརྒྱད་པ་ཞེས་བྱ་བ།
རྒྱ་གར་སྐད་དུ། ཨཱནནྡདྷཤྲཱིབྷདྲསྟོཏྲམཥྚནཱམ གུརཝེམཉྫུགྷོཥཱཡཅནམཿ
བོད་སྐད་དུ། ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལ་བསྟོད་པ་བརྒྱད་པ་ཞེས་བྱ་བ། བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
གང་གི་ཀུན་སྤྱོད་ལེགས་པར་སྦྱངས་པས་སྔོན་དགེ་ལས་གྲུབ་རྣམ་པ་ཀུན་ཏུ་དཔེ་བྲལ་བ། །
རིགས་ཟླ་བློ་གྲོས་ནོར་ལྡན་གཞོན་ནུའི་ཚེ་ནའང་རིག་པའི་གནས་ལྔ་དག་ལ་ཕུལ་བྱུང་བ། །
ཀུན་དགའ་རྒྱལ་མཚན་ཁྱོད་ལྟའི་བློ་གསལ་རྒྱ་མཚོའི་མཐའ་ཀླས་ས་སྟེང་འདི་ན་རྙེད་དཀའ་སྟེ། །
གྲགས་པ་རྒྱལ་མཚན་ཞབས་རྡུལ་རེག་ཁྱོད་གངས་ཅན་འདི་ན་མཁས་པ་ཀུན་གྱི་མིག་གཅིག་ཡིན། །
སྒྲ་ཡི་ཚུལ་མཁས་རྟོག་གེའི་གཞུང་ལ་མ་རྨོངས་ཤིང་། །
སྡེབ་སྦྱོར་ལེགས་སྦྱངས་སྙན་ངག་རྩོམ་ལ་ཐོགས་པ་མེད། །
གསང་སྔགས་རིག་ཅིང་ཤེས་བྱ་ཀུན་སྦྱངས་བློ་གྲོས་ཅན། །
ཀུན་དགའ་རྒྱལ་མཚན་འགྲོ་ལ་རིང་དུ་གནས་པར་ཤོག །
པཎྜིཏ་སུགཏཤྲཱིས་མཁས་པ་ཆེན་པོ་ཀུན་དགའ་རྒྱལ་མཚན་ལ་བསྟོད་པ་རྫོགས་སོ། །