ངོར་ཀླུ་ལྡིང་མཁན་ཆེན་ལ་གསོལ་བ་འདེབས་པ་དད་པའི་དྲི་བསུང་འཕྲོ་བ།

文摘   2024-12-29 19:26   西藏  

སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་རིན་པོ་ཆེ་འཇམ་དབྱངས་བསྟན་པའི་ཉི་མ་ལ་གསོལ་བ་འདེབས་པ་དད་པའི་དྲི་བསུང་འཕྲོ་བ་ཞེས་བྱ་བ་བཞུགས་སོ།།


དཀར་མཛེས་ཟླ་བ་བྱེ་བ་གཅིག་གྱུར་པ།།

དཀར་མཛེས་པདྨའི་དཀྱིལ་ནས་ཕྱུང་མ་ཐག།

དཀར་མཛེས་གངས་རིའི་ཕྲག་པར་འཆར་འདྲ་བའི།།

དཀར་མཛེས་འཕགས་མ་སྒྲོལ་མས་དངོས་གྲུབ་སྩོལ།།


རབ་འཇ༵མ་ཐུགས་རྗེ་བལ་གྱིས་འགྲོ་རྡུལ་སྡུད།།

རབ་སྙན་དབྱང༵ས་ཀྱིས་ཕྱིན་དྲུག་ཆོས་སྒྲ་སྒྲོགས།།

རབ་ཟབ་རྒྱལ་བསྟན༵་པདྨོ་རྒྱས་པ༵འི་གཉེན།།

རབ་མཆོག་བསྟན་འགྲོའི་ཉི༵་མ༵ར་གསོལ་བ་འདེབས།།


ཕན་འདོད་བྱམས་པའི་རྩ་བ་རབ་ཏུ་བརྟན།།

སྐྱོབ་འདོད་སྙིང་རྗེ་ལྗོན་པའི་ཡལ་འདབ་རྒྱས།།

བྱང་སེམས་མེ་ཏོག་འབྲས་བུའི་ཁུར་གྱིས་དུད།།

ཐེག་མཆོག་སྨན་གྱི་སྡོང་པོར་གསོལ་བ་འདེབས།།


སྐུ་གསུང་ཐུགས་འཇ༵མ་ཉེས་ལྟུང་རྡུལ་གྱིས་དབེན།།

ལེགས་བཤད་འདུལ་བའི་སྒྲ་དབྱང༵ས་སྙན་པར་སྒྲོགས།།

བསྟན༵་པའི༵་སྙིང་པོ་འདུལ་བ་འཛིན་པའི་རྗེ།།

སྐྱོན་མེད་དགེ་བའི་ཉི༵་མ༵ར་གསོལ་བ་འདེབས།།


དབང་བཞི་མགྱོགས་འགྲོས་ཀུན་གཞིའི་མཁའ་ལ་དྲངས།།

རིམ་གཉིས་འོད་ཀྱིས་མཚན་རྟོག་མུན་པ་འཇོམས།།

བདེ་སྟོང་པདྨོ་རྒྱས་ནས་ཡིད་སྐྱོབ་པའི།།

གསང་སྔགས་ཉིན་བྱེད་བདག་པོར་གསོལ་བ་འདེབས།།


འཇ༵མ་མགོན་མི་ཡི་སྲིད་བཟུང་ས་སྐྱ་པའི།།

ཟབ་ཆོས་གསུང་ངག་ལམ་འབྲས་གདམས་པའི་དབྱང༵ས།།

བསྟན༵་འགྲོ་གླིང་བཞིའི་དཔལ་དུ་རབ་སྟོན་པ༵འི།།

སྙན་བརྒྱུད་ཆོས་ཀྱི་ཉི༵་མ༵ར་གསོལ་བ་འདེབས།།


རབ་ཡངས་ཐུགས་བསྐྱེད་ནམ་མཁའི་གུར་ཁང་དུ།།

རབ་མཛེས་མཁྱེན་བརྩེ་ནུས་པའི་སྤྲིན་དཀྲིགས་ནས།།

རབ་མང་དམ་ཆོས་བདུད་རྩིའི་ཆར་འབེབས་པའི།།

རབ་མཆོག་ཀླུ་ལྡིང་མཁན་ཆེན་གསོལ་བ་འདེབས།།


རྫོགས་སངས་རྒྱས་རྣམས་བྱོན་རུང་མ་བྱོན་རུང་།།

ཆོས་ཉིད་སྤྲོས་དང་བྲལ་བའི་བདེན་པ་དང་།།

བདག་གིས་གུས་པས་གསོལ་བ་བཏབ་པའི་མཐུས།།

དྲང་སྲོང་མཆོག་གི་ཐུགས་དགོངས་རྫོགས་པར་ཤོག།

ཅེས་པ་འདི་ཡང་དཔལ་ལྡན་བླ་མ་དམ་པ་གང་གི་ཞབས་རྡུལ་དུ་སྤྱི་བོས་རེག་པའི་གསེར་མདོག་སྤྲུལ་སྐུ་ནས་སྔར་ཕུལ་བའི་གསོལ་འདེབས་དད་པའི་དྲི་བསུང་ལ་ཅུང་ཟད་ཁ་སྒྱུར་ནས་སླར་ཡང་གསོལ་བ་བཏབ་པས་ཚེ་རབས་ཐམས་ཅད་དུ་དཔལ་ལྡན་བླ་མའི་ཞབས་དྲུང་དུ་འཁོད་ནས་དམ་ཆོས་བདུད་རྩིའི་ཟིལ་མངར་ལ་ལྷུག་པར་ལོངས་སྤྱོད་པར་ཤོག་ཅིག །

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章