སྟོན་པ་གསོན་པོ་ཞིག །

文摘   2024-12-26 21:37   西藏  

སྟོན་པ་གསོན་པོ་ཞིག །


རབ་བཟང་སྐུ་ལ་མཚན་དཔེའི་གཟི་འོད་འབར།།

རབ་སྙན་གསུངས་ཀྱིས་སྐྱེ་རྒུའི་རྨོང་མུན་སེལ།།

རབ་ཡང་ཐུགས་ཀྱིས་འགྲོ་བ་མ་ལུས་འདྲེན།།

རམ་འབྱམས་རྒྱུད་སྡེའི་མངའ་བདག་ཕྱག་གི་ཡུལ།།


ས་སྐྱོང་འགྲོ་བའི་མགོན་པོ་ལྷག་པའི་ལྷ།།

ས་ཆེན་སྲིད་པ་གསུམ་ན་འཛུམ་ཞལ་འཕྲོ།།

ས་དཀར་རྒྱལ་བའི་བསྟན་པའི་སྲོག་གི་ཤིང་།།

ས་སྐྱ་པཎ་ཆེན་གཟུགས་སྐུ་བྱོན་དེར་བསྟོད།།


མཁས་གྲུབ་འབུམ་སྡེའི་འབྱུང་ཁུངས་འཕགས་ཡུལ་ནས།།

མཁས་པའི་ཚོགས་ཀྱིས་ཡང་ཡང་རབ་བསྟོད་ཅིང་།།

མཁས་གྲུབ་དུ་མའི་ཡིད་སྨོན་ཤོར་མྱོང་བའི།།

མཁས་བཙུན་བཟང་པོའི་རྣམ་ཐར་འཛིན་དེར་བསྟོད།།


རྒྱུད་པ་ཅན་གྱི་ཆུ་བོ་མ་ཉམས་ཤིང་།།

རྒྱུད་སྡེ་རྒྱ་མཚོའི་གོང་འོག་མ་འཁྲུག་པར།།

རྒྱུད་བཞིན་འཆད་ལ་རྒྱུད་བཞིན་མཛད་པ་ཡི།།

རྒྱུད་སྡེའི་བུམ་བཟང་ཅན་དེར་ལན་བརྒྱར་བསྟོད།།


ཐོས་པ་རྒྱ་མཚོ་ཟབ་ཅིང་ལེགས་པར་བརྩོན།།

བསམ་པ་རྣལ་མས་ཚུལ་བཞིན་སྒྲོགས་འདོག་བཅད།།

སྒོམས་པས་དེ་ཉིད་མངོན་དུ་བྱེད་པ་ཡི།།

མཁས་པའི་མཚན་ཉིད་ཅན་དེར་ལན་བརྒྱར་བསྟོད།།


འཆད་ན་འཇམ་དབྱངས་སྨྲ་བའི་གསུངས་དབྱངས་མངའ།། 

རྩོད་ན་ཕས་རྒོལ་མགོ་བོར་རབས་འགེམས་ཤིང་།།

རྩོམ་པས་མཁས་ཀུན་དགའ་བའི་སྤྱན་ཡངས་པ།།

སྲིད་ན་འབྲན་ཟླ་བྲལ་འདི་སྤྱིར་བོར་བསྟོད།།


བྱམས་བརྩེའི་གློག་ཞགས་དམར་པོའི་རབ་བརླན་ཅིང་།།

སྙིང་རྗེའི་ཆུ་ཤེལ་དཀར་པོས་ཡོངས་ཁྱབ་པར།།

རྒྱལ་སྲས་ལམ་བཟང་གཟུགས་སྐུ་བྱོན་པ་ཡི།།

བྱང་སེམས་འཕགས་པ་ཅན་དེར་ལན་བརྒྱར་བསྟོད།།


ཁྱེད་ནི་འགྲོ་བའི་གདུང་སེམས་ཉི་མིའི་གཉེན།།

ཁྱེད་ནི་འགྲོ་བར་བསིལ་སྦྱིན་བཅོ་ལྔའི་དབང་།།

ཁྱེད་ནི་དད་པའི་འཁྲི་ཤིང་སེམས་ཀྱི་ལྷ།།

ཁྱེད་ནི་བདག་གི་སྟོན་པ་མཐའ་ཐུག་གོ།།

___རྟོག་དཔྱོད་དེས།

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章