སྐྱོ་རྒྱུད་ཆགས་ཚུལ་བསྟན་པ།

文摘   2024-12-24 21:43   西藏  

སྐྱོ་རྒྱུད་ཆགས་ཚུལ་བསྟན་པ།

ངོ་མཚར་འབུམ་གྱིས་ཕྱུག་ཅིང་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་བོའི་བོད་གྱི་ཡིག་ཚང་ནང་དུ་ཅིག་བལྟས་ན། སྤྱིར་ཁ་བ་གངས་ཅན་པའི་ཕྱི་སྣོད་འཇིག་རྟེན་ཆགས་ཚུལ་དང་ནང་བཅུད་འགྲོ་བ་གྲོལ་ཚུལ། གངས་ཅན་སྟོད་སྨད་བར་གསུམ་གྱི་རི་ཆུ་ལུང་གསུམ་དང་། རྩི་ཤིང་ནགས་ཚལ་རི་སྐྱེས་སྲོག་ཆགས་སྐྱེ་ཁམས་ཁོར་ཡུག་སོགས་ཀྱི་མིང་དང་བཤད་པ་ཐ་སྙད་ཕུན་སུམ་ཚོགས་པ་ཞིག །གསལ་ཝ་ལེར་ད་ལྟ་མིག་མཐོང་ལག་ཟིན་དུ་གླེང་བམ་སྦུབས་སུ་བཞུགས་ཡོད་པ་མ་ཟད། དེང་ཚན་རྩལ་རིག་པའི་ཚ་རླབས་དགུང་ལ་འཕྱུར་ཞིང་མྱུར་བསྐྱོད་དུས་ཀྱི་ཁུག་པ་བདུན་གསུམ་ཉེར་གཅིག་པའི་ནང་ལ་སླེབས་དུས་གོ་ལ་ཧྲིལ་པོར་ས་ཁྲ་བཏབ་ཟིན་པས་འཛམ་གླིང་ཤར་ནུབ་ཀྱི་ས་ཆ་ཡོད་ཚད་རང་གི་ལག་མཐིལ་ནང་ནས་རྒྱུས་ལོན་བྱེད་ཆོག་པའི་གནའ་དེང་ཟུང་གི་ལོ་རྒྱུས་དང་ཟིན་ཐོ་གསལ་ནའང་། སྒོས་སུ་ད་དུང་བོད་ཡུལ་གྱི་ས་གནད་ཆེ་བའི་ཡུལ་ལུང་བྱེ་བྲག་པ་ཁ་ཤས་ནི་དེར་འཚོ་སྡོད་བྱེད་པའི་ཡུལ་མི་དག་གིས་ཡུལ་མིང་ཅི་ལྟར་བྱུང་ཚུལ་ལོ་རྒྱུས་ཁུངས་མ་ལ་དཔྱད་ཞིབ་མི་བྱེད་ཁར་སྒྲ་བཤད་ཙམ་ཡང་གཏན་ཁེལ་མེད་པར་ཕལ་གྱིས་ད་བར་སྣང་མེད་ཏུ་ལུས་སྟབས། ལོ་རྒྱུས་ཡུན་རིང་ཅན་གྱི་མིང་དང་ཐ་སྙད་དེ་དག་ལ་ཁུངས་ལུང་དང་གསལ་ཁ་ཡོད་པའི་འགྲེལ་བཤད་ཡང་དག་གནང་མཁན་ཞིག་དུས་ནམ་ཡང་རྙེད་བཟོ་མི་འདུག །ཡང་ལོ་རྒྱུས་དང་མ་འབྲེལ་ཞིང་བདེན་དཔང་ཅི་ཡང་མེད་པར་ཞེན་དབང་གིས་འུད་གཏམ་འབྲི་བ་ལ་ནི་དགོས་པ་དེ་བས་ཀྱང་མེད་པ་ལོས་ཤེས། དེས་ན་འདིར་སྐྱོ་རྒྱུད་ཞེས་པའི་ཡུལ་མིང་དང་ཐ་སྙད་དེ་དག་ལ་དཔྱད་བརྗོད་དང་གསལ་བཤད་ཅུང་ཙམ་བྱེད་པར་འདོད། དེ་ཡང་སྤྱིར་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ལ། ཕྱི་སྣོད་འཇིག་རྟེན་ཆགས་ལུགས། ནང་བཅུད་སྐྱེ་འགྲོ་གྲུབ་ཚུལ། དཀོན་མཆོག་ཆོས་ཀྱི་འབྱུང་ཁུངས་སོགས་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་པ་ལས། དང་པོ་ཕྱི་སྣོད་འཇིག་རྟེན་ཆགས་ཚུལ་དེ་ལ་ཡང་། སྟོང་གསུམ་ཀྱི་སྟོང་ཆེན་མོའི་འཇིག་རྟེན་གྱི་ཁམས་འདི་ལ། གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། ཕྱི་ལྕགས་རི་ཁོར་ཡུག་གི་བསྐོར་བའི་དབུས་སུ། རི་ཡི་རྒྱལ་པོ་རི་རབ་ལ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། གླིང་ཆེན་པོ་བཞིི། གླིང་ཕྲན་བརྒྱད་ཅེས་ཡོད་པ་ལས། གླིང་གཞན་ལས་ཁྱད་དུ་འཕགས་པ་ལྷོ་རྒྱལ་འཛམ་བུ་གླིང་གི་ས་ཡི་ཆར་བོད་ཁ་བ་ཅན་གྱི་ཡུལ་ལྗོངས་འདི་ལ། སྔོན་བདག་ཅག་གི་སྟོན་པའི་ལུང་བསྟན་པ་ལྟར་ན། གནས་པུ་རྒྱལ་བོད་ཅེས་བྱ་བ་ཡོད། །གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། །མཚོ་སྔོན་མོ་གཡུ་ཡི་མཎྜལ་ཡོད་། །དབྱར་ཟླ་གསུམ་གསེར་གྱི་མེ་ཏོག་ཡོད། །དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད། །ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །གནས་དེ་ནི་ཁྱེད་ཀྱི་ཞིང་ཁམས་ཡིན། །ཞིང་དེ་ན་ཁྱེད་ཀྱི་གདུལ་བྱ་ཡོད། །ཅེས་ལུང་བསྟན་པའི་བོད་ཁ་བ་ཅན་གྱི་ཡུལ་ལྗོངས་འདིར། སྔོན་བོད་ཀྱི་ཆོས་རྒྱལ་མེས་དབོན་རྣམ་གསུམ་སོགས་བོད་སྤྱི་ལ་དབང་བའི་རྒྱལ་རབས་རྣམས་ཀྱིས་དབང་བསྒྱུར་བའི་སྐབས་སྤྱི་མཚུངས་མངའ་འབངས་ཡིན་ལ།  

བར་ལམ་བོད་སིལ་བུར་འཐོར་བའི་དུས་མཇུག་ཏུ་ཧོར་ཇིང་གིར་རྒྱལ་པོས་བོད་ཡོངས་གཅིག་གྱུར་གྱི་དབང་དུ་བསྡུས་ཏེ། དཔལ་ལྡན་ས་སྐྱ་པར་མཆོད་ཡོན་གྱིས་གུས་བཀུར་མཛད་ནས་ཧོར་སེ་ཆེན་རྒྱལ་པོའི་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ། དབང་ཐེངས་གསུམ་པ་ཞུས་པའི་དབང་ཡོན་དུ་བོད་ཆོལ་ཁ་གསུམ་ཕུལ་བས་བོད་ཡོངས་ཀྱི་བདག་པོ་མཛད། འགྲོ་མགོན་ཆོས་རྒྱལ་འཕགས་པའི་བོད་ཆོལ་ཁ་གསུམ་གྱི་མཚན་འདོག་ཚུལ་ལྟར་ན། སྟོད་མངའ་རིས་ནས་སོག་ལ་སྐྱ་བོ་ཡན་ཆད་ལ། དབུས་གཙང་ཆོས་ཀྱི་ཆོལ་ཁ་དང་། སོག་ལ་སྐྱ་བོ་ནས་རྨ་ཆུ་ཁུག་པའི་བར། མདོ་སྟོད་མགོ་ནག་མི་ཡི་ཆོལ་ཁ་དང་། རྨ་ཆུ་ཁུག་པ་ནས། རྒྱ་ཡི་མཆོད་རྟེན་དཀར་པོའི་བར། མདོ་སྨད་གྱི་ལིང་རྟ་ཡི་ཆོལ་ཁ་འདོགས་པར་མཛད་ཅིང་། འགྲོ་མགོན་ཆོས་རྒྱལ་འཕགས་པའི་རླབས་ཆེན་གྱི་མཁྱེན་སྤྱོད་དང་། ངོ་མཚར་གྱི་རྣམ་ཐར། རྨད་བྱུང་གི་མཛད་འཕྲིན་ལ་བརྟན་ནས་བོད་ཁྲི་སྐོར་བཅུ་གསུམ་མམ། ཆོལ་ཁ་གསུམ་ཡོངས་སུ་རྫོགས་པ་དེ་དཔལ་ལྡན་ས་སྐྱ་པའི་བདག་དབང་དུ་གྱུར་ནས་ཁྲིམས་ཡིག་ཞལ་ཆེན་བཅུ་གསུམ་གྱི་ཐོག་ནས་ཁྲི་དཔོན་དང་། སྟོང་དཔོན། བརྒྱ་དཔོན་སོགས་བསྐོ་གཞག་མཛད། དེ་ཡང་ངོམ་ས་སྒང་སྡེ་པ། རྫ་སྟོད་གྱིང་ཐང་སྡེ་པ། རྫ་བསམ་མདོ་སྡེ་པ། སྐྱོ་སྡེ་པ་བཅས་སྡེ་པ་དང་དཔོན་ཁག་མང་པོས་དབང་རིས་བཅད་བཟུང་བྱས་ནས་བསྐོ་གཞག་མཛད།  དེ་ཡང་མདོ་སྟོད་མགོ་ནག་མི་ཡི་ཆོལ་ཁའི་ཆར་གཏོགས་པ། ཆབ་མདོ་ནོར་བུའི་ས་ཡི་ཡ་གྱལ། ཡུལ་རྫ་ཀླུང་ཕྱུགས་མོའི་ནང་ཚན། རྫ་ཆུ་དལ་ལ་བབས་པའི་གཡས་ཕྱོགས། སྡེ་བཞི་སྡེ་མཆོག་སྐྱོ་རྒྱུད་ལྷ་ཡི་སྡེ། གླིང་བཞི་གླིང་མཆོག་སྐྱོ་མདའ་བསམ་འགྲུབ་གླིང་གི་ཆར་གཏོགས་པ་སྐྱོ་རྒྱུད་ཞེས་པའི་ཡུལ་སྡེ་འདི་ལ། ཐོག་མར་སྐྱོ་རྒྱུད་ཞེས་མཚན་འདོགས་ཚུལ་ནི། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་ཡོན་སེར་ཆེན་གོང་མའི་བཀའ་ལུང་ལྟར་དབུ་བླ་རུ་བྱོན་སྐབས་སུ། ལས་ཚན་བཅུ་གསུམ་དང་། གྲ་སྒྲིག་རྒྱས་སྤྲོས་ངང་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་གོང་ནས་ཆེབ་སྒྱུར་གནང་ཏེ་རིམ་བཞིན་ཁམས་ཕྱོགས་ངོམ་ས་སྒང་རྒྱུད་དེ་བཤེ་ལ་བརྒྱབས་ནས་བྱོན།

ཡུལ་འདིར་འབྱོར་སྐབས་སུ། འཁོར་བ་ལ་ངེས་འབྱུང་སྐྱེ་བའི་ཉམས་ཁྱད་པར་ཅན་ཞིག་འཁྲུངས་པས་ཡུལ་འདིར་སྐྱོ་བ་ལུང་པ་ཞེས་མཚན་བཏགས། ནུབ་གཅིག་ཆགས་གཏགས་ཁ་ལ་ཞག་བཞུགས་མཛད། 

ཕྱི་ཉིན་སྐྱོ་མདའ་བསམ་འགྲུབ་གླིང་ཕྱག་བཏབ། དེ་ནས་བླ་མ་རིམ་བཞིན་རྫ་གྱིང་ཐང་རྒྱུད་ནས་གླེ་མདའ་དགོན་པ་དང་འདམ་ཐོག་དགོན་པ་བཅས་ཕྱག་བཏབ། དེ་ལ་ཆགས་སྔ་བ་སྐྱོ་གླེ་འདམ་གསུམ་ཞེས་གྲགས་པ་དང་། བླ་མ་ཁྲིན་ཏུའི་གྲོང་ཁྱེར་རྒྱུད་ཏེ་ཧོར་སེར་ཆེན་རྒྱལ་པོའི་གདན་སར་བྱོན་པ་གྲགས་སོ། །དེའི་སྔོན་དུ་ཡུལ་འདི་ལ་གོ་བོ་ལུང་པ་ཞེས་འབོད་སྲོལ་ཡང་ཡོད་ལ། ཡུལ་འདིའི་མི་ཁ་ཤས་ཤིག་ད་ལྟའི་ཁམས་ཕྱོགས་གོ་འཇོ་ནང་ལ་སོང་ནས་གནས་ཆགས་ཤིང་། གོ་ནས་འཇོ་ལ་སོང་བས་ན་གོ་འཇོ་བ་ཞེས་མཚན་འདོགས་པ་ཡང་བཤད་སྲོལ་འདུག །

ཡུལ་འདིས་ས་བབས་དང་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་རྨིད་༤༠༠༠ཡོད།  གནས་འདི་ནི་རི་མཐོ་ཞིང་ས་གཙང་བ། རྩི་ཤིང་ལ་ཡང་ཤུག་པ་གཡུ་ལོ་ཅན་དང་།

བ་ལུ་དང་། ཉ་བྲེག་གསེར་མགོ །འོམ་བུ། བྷོ་ལོ། གྲོ་བ། སྨར་མོ་ལ་སོགས་བཟང་ཤིང་ནགས་ཀླུང་གི་ཚང་ཚིང་འཁྲིག་པ་དང་། དབྱར་རྩྭ་དགུན་འབུ་དང་། གངས་ལྷ་མེ་ཏོག །སྲོ་ལོ་དཀར་དམར་སོགས་དྲི་བསུང་རྒྱང་ལ་འཐུལ་བའི་རྩི་སྨན་གྱི་སྐྱེད་ཚལ་ཡིད་དུ་འོང་བ་འཁྲུངས་པ་དང་།

དེ་ཡང་ཡུལ་འདིར་སྒོ་ཟོག་རྟ་ནོར་ལུག་ར་སོགས་དཀར་ནག་ཕྱུགས་རིགས་ཀྱིས་རི་ལུང་གང་བ་དང་།

གནས་དེར་ཡོད་པའི་རི་སྐྱེས་སྲོག་ཆགས་རིགས་ལའང་། ཤ་བ་དང་། རྣ་བ།  གླ་བ་། རྒྱ་གོ་ར་སོགས་གཙོས་པའི་རི་དྭགས་དང་།

སྤྱང་ཀི་དང་། གསའ་གཟིགས། དྲེད་མོང་། དབྱི་འཕར་ལ་སོགས་གཙོས་པའི་གཅན་རིགས་དང་།

བྱ་དཀར་དང་། ཁྲ་གླག །བྱ་རྒོད་ཐང་དཀར། གོ་བོ། གོང་མོ། སྐྱ་ཀ་ཁྲ་མོ། སྐྱུང་ཀ །འཇོལ་མོ་དང་། ཁུ་བྱུག་སོགས་སྐད་སྙན་སྤུ་སྡུག་ཡིད་དུ་འོང་བའི་བྱ་བྱིའུ་དང་རི་སྐྱེས་སྲོག་ཆགས་རྣམས་རི་ལུང་ཉི་སྲིབ་གང་སར་འབྲལ་མེད་དུ་འཚོ་ཞིང་གནས་པ་རེད། ལུང་པའི་སྨད་དུ་ས་བབ་དམའ་ཞིང་དྲོད་ཆེ་བ་དང་གསེར་མདོག་འཁྱིལ་བའི་ཞིང་ཁ་ལ། ནས་དང་འབྲུ་སྲན་ལོ་ཏོག་སོགས་ལེགས་པར་སྨིན་ཏེ་གསེར་གཞོང་ནོར་བུའི་བསྐང་བ་ལྟ་བུ་ས་བཅུད་ཕུན་སུམ་ཚོགས་པ་སོགས་མདོར་ན། སྡེ་བཞིའི་ནོར་གྱིས་ཕྱུག་པའི་རོང་འབྲོག་བར་གསུམ་གྱི་མི་རྣམས་ཀྱང་དམ་པའི་ཆོས་ལ་དད་གུས་ཆེ་བ། དགེ་ལ་དགའ་ཞིང་སྡིག་ལ་འཛེམས་པ། མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་ལ་གནས་པ། འཇིག་རྟེན་ལུགས་ཀྱི་གཏམ་ལ་མཁས་ཤིང་ཁུངས་བཙུན་པའི་རིགས་རུས་བཟང་བ། བྲི་བ་མེད་པའི་ནོར་ལོངས་སྤྱོད་རྒྱས་པ་བཅས། དེ་ལྟར་རྒྱུ་བ་དང་མི་རྒྱུ་བའི་ཕུན་སུམ་ཚོགས་པའི་དངོས་པོ་ཡོད་དགུ་ལྷུན་གྱིས་གྲུབ་པའི་ཡུལ་ལྗོངས་འདི་ཡི་དབུས་སུ། ཐུན་མོང་མ་ཡིན་པའི་གནས་ཀྱི་ཆེ་བ་ནི།

ཤར་ཕྱོགས་འདི་མི་འགྱུར་བའི་རྟག་ལ་བདུད་བཾ་ལྷུན་པོ་རབ་བརྟན་གྱི་རི་རྩེ་ནས་གླིང་སེང་ལྕམ་འབྲུག་མོའི་ཐག་ལམ་ཞེས་ལྷ་ཡི་དར་འཕྱང་འདྲ་བར་འདུག་པ་ནི་ཤར་གྱི་གྲོག་ལམ་མི་ནོར་ལོངས་སྤྱོད་དབང་མེད་དུ་སྡུད་པ་དང་། མཁོ་རྒུ་ཡོ་བྱད་ཕུན་སུམ་ཚོགས་པ་འབད་མེད་དུ་འབྱུང་བའི་བརྡ།

ལྷོ་ཕྱོགས་སུ་ཡུལ་ཉེར་བཞིའི་ནང་ཚན་དེ་ཝི་ཀོ་ཊི་གཉིས་པར་གྲགས་པའི་རྫ་རྒྱལ་གོ་བོ་ཁྱུང་ཕུག་དུ་དཔའ་བོ་མཁའ་འགྲོ་སྤྲིན་ལྟར་འདུ་ཞིང་བྱིན་གྱིས་བརླབས་པའི་གནས་དེ་དག་ཏུ་སློབ་དཔོན་ཆེན་པོའི་སྒྲུབ་ཕུག་དང་། ཡི་དམ་སངས་རྒྱས་བྱང་སེམས་ཀྱི་སྐུ་རང་བྱོན་དང་གནས་ཁྱད་པར་ཅན་མཇལ་བ་ཙམ་གྱིས་ཀུན་ངོ་མཚར་ཞིང་དད་པ་དབང་མེད་དུ་འདྲེན་པའི་གནས་མཆོག་འདིར། གཞན་ཡང་གཏེར་ཁ་དང་ས་བཅུད་ཕུན་སུམ་ཚོགས་པར་ཡོད།

ནུབ་ཕྱོགས་འདི་མི་འགྱུར་བའི་རྟགས་ལ། རྗེ་རྒྱལ་པོ་གདན་ལ་བཞུགས་འདྲ་འདི་བཤེ་བན་དེ་བླ་མའི་རང་བྱོན་ལ་རྒས་སྐྲ་དཀར་གྱིས་གུས་བཀུར་བྱེད་འདྲ་འདིས། རིམ་གཉིས་ཀྱི་རྣལ་འབྱོར་ལ་མངའ་བརྙེས་པའི་གྲུབ་པའི་དབང་ཕྱུག་ཟམ་མི་ཆད་པར་འབྱོན་པའི་བརྡ།

བྱང་ཕྱོགས་འདི་མི་འགྱུར་བའི་རྟགས་ལ། སྐྱོ་གདོང་ཆེན་གྲོ་མའི་བང་མཛོད་འདི་རི་རི་རྒྱུད་རིང་ཞིང་དཔངས་མཐོ་བ་གཡུ་འབྲུག་གནམ་ལ་འཕྱོ་བ་ལྟ་བུའི་གཡོན་ཕྱོགས་ནས་རི་སྨུག་ཐག་མ་ཆད་སྐྱོ་ལ་ཁ། དེ་ཡོལ་བའི་ཚུལ་དུ་གནས་པ་འདིས་ཆོས་སྲིད་ཀྱི་མངའ་ཐང་ཀུན་ནས་རྒྱས་ཤིང་རབ་ཏུ་བརྟན་པའི་བརྡ། གཞན་ཡང་རྒྱབ་རི་མཐོ་བ། ཤར་རི་ཕྱེས་པ། མདུན་རི་སྤུངས་པ། བྱང་རི་ཡོལ་བ་འདྲ་བ། གནམ་གྱི་རྒྱུ་སྐར་ས་ལ་འཕོས་པ་འདྲ་བའི་རྣམ་དཀར་ལེགས་བྱས་ཀྱི་སྐྱོ་རྒྱུད་ཞེས་པའི་ཆོས་སྡེ་འདི་ཉིད་ནི། རྒྱུ་སྐར་དབུས་ན་བདུད་རྩིའི་འོད་ཅན་ལྟ་བུ། གསེར་རིའི་དབུས་ན་ལྷུན་པོ་ལྟ་བུ།སྐབས་གསུམ་གྲོང་ན་རྣམ་པར་རྒྱལ་བའི་ཁང་བཟང་བཞིན་དུ་ལྷམ་མེ་ལྷན་ནེ། ལྷང་ངེར་ལྷུན་ཆགས་པར་མཆིས་སོ། །སྐྱོ་རྒྱུད་འདི་ནི་བོད་ཀྱི་རིག་གནས་དང་ཡ་རབས་སྤྱོད་བཟང་གི་རྒྱུད་མ་ཆད་པས་སྐྱོ་རྒྱུད། བཟོ་དང་གསོ་རིག་གི་རྒྱུད་པ་མ་ཆད་པའི་སྐྱོ་རྒྱུད། མཁས་པ་དང་གྲུབ་པ་ཐུབ་པའི་སྐྱེས་བུ་འབྱུང་རྒྱུན་མ་ཆད་པས་སྐྱོ་རྒྱུད། མདོར་ན་དགུན་ཟླ་གསུམ་ཁ་བའི་འདབ་མ་ལྷོད་ཀྱིས་བབས་ས། དཔྱིད་ཟླ་གསུམ་གཡུ་འབྲུག་སྔོན་མོའི་སྒྲ་དབྱངས་སྙན་ས། དབྱར་ཟླ་གསུམ་མེ་ཏོག་སྣ་བརྒྱའི་འདབ་མ་བཞད་ས། སྟོན་ཟླ་གསུམ་ལོ་ཡག་སྙེ་མའི་འབྲས་བུ་སྨིན་ས། ཡུལ་སྡེ་དེ་ཡི། ཕ་ཁུ་བོ་རི་རྒྱལ་ལྷུན་པོ། བུ་ཚ་བོ་འདའ་སྨྱུག་སིལ་མ། མ་སྲིང་མོ་མཚོ་ལ་དར་ཆགས་དང་།

ལུང་པའི་ཕུ་ལ་སྐྱོ་སྟོད་ཞེས་འབྲོག་སྦྲ་ནག་ཅན་གྱི་ཕ་ས། ཕྱུགས་བེའུ་ལུག་གི་འཕེལ་ཁ་དར་ས། དཀར་འོ་མའི་རྒྱ་མཚོ་འཁྱིལ་ས།

མདའ་ལ་སྐྱོ་འདའ་ཞེས་སྡེ་རོང་འབྲོག་གཉིས་ཀྱི་གཞིས་མ། ཞིང་ཆུ་མ་ལ་འབྲུ་དྲུག་སྨིན་ས། འབྲུ་སྔོན་མོའི་འཕེལ་ཁ་དར་ས།

བར་གྱི་གདུགས་མདོ་འདིར་ས་ཡི་ལྟེ་བ་ཡིན་པ་དང་། ཀླུ་རྒྱལ་མི་མགོན་དཀར་པོའི་ཕོ་བྲང་གི་སྟེང་དུ་གནས་ཆགས་པ་དང་། གདུགས་མདོ་རུ་ཚ་ཚང་གིས་རྒྱབ་རི་ནག་རྒྱལ་ཕྱུགས་མོ་བཀག་ཅུང་རྩེ་ཞེས་རྩེ་མོ་མཐོ་ཞིང་བརྗིད་ཉམས་ཆགས་པ་ལ། ལྷ་ཁྲོ་བོ་མཐུ་ལ་ཞུགས་པ་འདྲ་བ། དགྲ་བཅོམ་པའི་མདུན་ནས་བསྐོར་འདྲ། གཡས་རི་ལ་ཤར་རིང་མའི་རི་རྒྱུད་ན། ལྷོ་གཡུ་འབྲུག་གནམ་དུ་མཆོངས་འདྲ་ཡོད། གཡོན་རི་གྲོགས་ལུང་ནང་ཞེས་པའི། བྲག་རི་ནོར་བུའི་དབྱེབས་ཅན་ཡོད། ཤར་རི་ལ་རྡོ་རྗེ་སེམས་པའི་རང་གཟུགས། ཤར་རི་འདི་མི་འགྱུར་བའི་རྟགས་ལ། ཤར་ཨ་གེས་ལོ་ཡི་ཨ་ཡིག་སྟེ། འདི་བྲིས་པའི་རི་མོ་གསར་གཏོད་མིན། འདི་མ་བྲིས་རི་མོ་འདི་འབུར་དོད་ཡིན། ལྷོ་ཕྱོགས་འདི་མི་འགྱུར་བའི་རྟགས་ལ། སྐྱོ་ཆུ་དང་གནས་ཆུ་གཉིས་པོ་འདི། ལྷོ་གཡུ་འབྲུག་ཁ་སྤྲོད་བྱེད་འདྲ་ཡོད། ནུབ་ཕྱོགས་འདི་མི་འགྱུར་བའི་རྟགས་ལ། ཡོ་ཡོ་ཐང་གི་མདུན་ཕྱོགས་སུ། ཁྱུང་ལྟོ་ལྡིར་ཞེས་བྲག་དམར་བྱ་ཁྱུང་དམར་པོ་ཚང་ལ་བབས་པ་ལྟ་བུ་ནི་ནུབ་སྲུང་བྱ་དམར་མོ། བྱང་ཕྱོགས་འདི་མི་འགྱུར་བའི་རྟགས་ལ། གྱོང་སྒང་ཁ་རུས་སྦལ་གྱེན་དུ་ལངས་པ་ལྟ་བུ་ནི་བྱང་སྲུང་རུས་སྦལ་སེར་པོ་སྟེ། ས་ཡི་སྲུང་བ་བཞི་འཇིག་རྟེན་བྱེད་པོས་ཆེད་དུ་བཟོས་པ་ལྟ་བུ་ཡོད་པ་དང་། ཤར་དུ་རྒྱལ་སྟག་ཁྲ་བོ། ལྷོ་རུ་གཡུ་འབྲུག་སྔོན་མོ། ནུབ་ཏུ་བྱ་དམར་མོ། བྱང་དུ་རུས་སྦལ་སེར་པོ། ས་པདྨ་འདབ་བརྒྱད་ཀྱི་ཡང་སྟེང་། གནམ་ལ་འཁོར་ལོ་རྩིབས་དགུ་གདུགས་ལྟར་ཕུབ་པའི་མར་འོག །གདུགས་མདོ་ཞེས་པའི་ས་འདི་ནི་གདུགས་མདོ་རུ་ཚ་ཚང་གི་རྒྱལ་ས་ཡིན་ལ། གདུགས་མདོ་རུ་ཚ་ཚང་ཞེས་ལོ་རྒྱུས་ཡུན་རིང་ལྡན་པ་དང་རྫ་ཤོག་དྲུག་རྒན་པོའི་གོ་གནས་ཡོད་མཁན་ཀྱི་དུད་ཚང་ཆེ་ཁག་ཞིག་ཡིན། གདུགས་མདོ་རུ་ཚ་རྣམ་སྲས་དབང་ཕྱུག་ཞེས་གྲགས་པ་དེ་ནི། ཤོག་དྲུག་རྒན་པོའི་མགོ་དཔོན་ཡིན་ལ།  བཀའ་གནམ་ལྕགས་རལ་གྲི་ལྟ་བུ། གསུང་རྡོ་རྗེའི་ཕྲེང་བ་ལྟ་བུ། བཙན་པོ་གོང་ལ་མ་ཤོར་བ། །ཉམ་ཆུང་ཐའ་ནས་བསྐྱང་མཁན་ཞིག །ཡིན་པ་ཀུན་གྱི་རླུང་ལྟར་གྲགས། །རབ་བྱུང་བཅུ་དྲུག་དུས་སྨད་ལ། །སྐབས་ཞིག་རི་དུང་ཡབ་ཚང་མའི། །སྲས་པོ་ཡབ་ཚང་སྐུ་དངོས་ལ། །སྡེ་དགེའི་སྲས་མོ་ཁབ་ཏུ་བཞེས། །དེ་སྐབས་རུ་ཚ་གནམ་སྲས་ཀྱི། །ཕྱག་གཡོག་སྐྱོ་བའི་བརྒྱ་དཔོན་ཁྲིད། །སྡེ་དགེའི་ཡུལ་ལ་གཉེར་བོར་ཕེབས། །རི་དུང་ཡབ་ཚང་སྐུ་དངོས་ཀྱིས། །སྐུ་ཡི་གཟི་མདངས་ཆེ་བ་དང་། །གསུང་གི་ང་རོ་བརྗིད་པ་དང་། །ཐུགས་ཀྱི་ཡོན་ཏན་ཆེ་བ་སོགས། །སྐྱོ་རྒྱུད་གདུགས་མདོ་རུ་ཚ་ཡི། །དབང་ཐང་དགུང་ལས་མཐོ་བ་དང་། །སྙན་གྲགས་ཕྱོགས་བཅུར་ཁྱབ་པ་སོགས། །གྲགས་པ་སྡེ་དགེའི་ཡུལ་ནས་སྒྲོག །སྲས་མོ་རི་དུང་གདན་དྲངས་ནས། །དགའ་སྟོན་རྟེན་འབྲེལ་ལེགས་ཚོགས་འགྲིག །མདོ་ཁམས་སྡེ་དགེའི་སྲས་མོ་དང་།  །སྐྱོ་མདའ་བསམ་འགྲུབ་གླིང་དགོན་གཉིས། །མཆོད་ཡོན་ཉི་ཟླ་ཟུང་དུ་འབྲེལ། །སྡེ་དགེའི་སྲས་མོའི་སོར་གདུབ་ཀྱིས། །བསམ་གླིང་གསེར་ཏོག་ཆེན་མོ་བཞེངས། །ལྷ་མགར་སྡེ་དགེའི་ཡུལ་ནས་དྲངས། །མགར་ཡོན་མཛོ་དོར་བཞི་ཕུལ་ཏེ། །མཇའ་རྟ་ཁུག་ནས་རབ་བཅད་དེ། །སྡེ་དགེའི་ཡུལ་ལ་སྐྱལ་བ་གྲགས། །འཕགས་ཆེན་ཕྱག་ན་པདྨོ་ཡི། །རུ་ཚ་གནམ་སྲས་དབང་ཕྱུག་ལ། །རྫ་སྟོང་དཔོན་དཀར་ཤོག་གནང་བའོ། །བྱུང་བ་རབ་རིམ་བརྗོད་པ་འདིས། །མེས་པོའི་མཛད་རྗེས་རྗེས་དྲན་དང་། །ཡུལ་ཁམས་བདེ་ཞིང་དགེ་བཅུ་འཕེལ། །ཞེས་སོ། །

དེ་ཡིས་ལུང་པའི་ཕུ་ལ་གནམ་འཁོར་ལོ་རྩེ་དགུ་གདུགས་ལྟར་ཕུགས་པས་འོག་ཏུ་གདུགས་གཞུང་ཞེས་པའི་གནས་དེར། རྫ་སྟོད་ཁྲེ་དགོན་དགོན་པའི་སྤྲུལ་སྐུ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་མཆོག །གདུགས་བཞུང་མར་གྲོང་ཚང་སར་སྐུ་འཁྲུངས། ལུང་པའི་དབྱིབས་ལ་དབུ་གདུགས་རང་བྱོན་ཡོད་པས་དེའི་མདའ་ཡིན་པས་ན་གདུགས་མདོར་ཞེས་གྲགས་པ་དང་། གདུགས་མདོའི་ནུབ་བྱང་དུ་དཔལ་ཙ་རི་ཁྲོད་ནི་འབའ་རེ་བླ་མ་མཁྱེན་རབ་དཔལ་འབྱོར་གྱིས་བཏབ་ཅིང་། མང་ཐོས་སྒྲུབ་ལ་གཞོལ་བའི་དགེ་བའི་བཤེས་གཉེན་མང་དུ་བྱོན་ཅིང་བཞུགས་པའི་གནས་ཁྱད་དུ་འཕགས་པ་ཡོད།

 དེའི་གཡས་ཕྱོགས་ཉིན་ལུང་ཁར་མཁས་གྲུབ་གཉིས་ལྡན་གྱི་བླ་མ་མང་དུ་བྱོན་ཏེ་བཙུན་མའི་དགོན་པ་ཞིག་ཡོད།


   དེ་ཡི་མདུན་ཕྱོགས་སུ་བཤེ་མདའ་ཞེས་པ་ལ་བླ་མ་མགོན་ཚེ། བཤེ་མདའ་ཚང་སར་སྐུ་འཁྲུངས།


   ཡང་གདུགས་མདོའི་མདུན་ཕྱོགས་ནོར་ཤིས་ཚ་ཐང་ལ་གྲུབ་དབང་བླ་མ་ངག་དབང་བཟོད་པ་སྐུ་འཁྲུངས།


   རྟག་ཏ་ལ་སྔོན་སྐྱོ་རྒྱལ་དཔོན་གྱི་གདན་ས་ཡིན་ལ། སྐྱོ་བརྒྱ་དཔོན་ནི་སྐྱོ་རྒྱུད་དུད་ཚང་བརྒྱ་ཡི་མགོ་དཔོན་ཡིན་པ་ན་བརྒྱ་དཔོན་ཞེས་གྲགས་པའི་དུད་ཚང་དེ་ལ། དེང་སང་རི་ཁྲོད་ཚང་ཞེས་འབོད་གསོལ་འདུག །


   གདུགས་མདོ་གྲོང་ཚོའི་མདུན་རི་ཚོགས་གཏོར་ལྷ་ལ་བཤམས་འདྲ་དེའུ་སྒང་ཞེས་པ་དེའི་ཐོག་ཏུ་གསེར་མཁར་ཆུང་ངུ་ཞིག་ཡོད། དེ་ནས་གནས་མཆོག་གོ་བོ་ཁྱུང་ཕུག་གི་དབུ་རྩེ་ཐོག་མར་མཇལ་ས་ཡིན་པས་སྔོན་ནས་གདུགས་མདོ་རུ་ཚ་ཚང་སོགས་སྐྱོ་རྒྱུད་ལྷ་སྡེ་མི་སྡེ་ཡོངས་ཀྱིས་དམིགས་བསལ་མདུན་བསྟོད་དགོས་ཚེ་འདི་ནས་བསྟོད་སྲོལ་ཡོད།

དེའི་ཤར་ཕྱོགས་གནས་སར་ལ། གནས་སར་དགེ་བཤེས་བྱམས་པ་མཐུ་སྟོབས་གནས་སར་ཚང་སར་སྐུ་འཁྲུངས་པ་དང་། མདུན་ཕྱོགས་གསེར་མཁར་ལོའི་མ་གཤམ། ས་དིས་སྒང་ཞེས་པའི་རིའི་དབྱིབས་ལ་རྡོ་རྗེ་སེམས་དཔའི་རང་གཟུགས་གསལ་བོ་ཡོད། དེའི་ལུང་པའི་ཕུ་གཟར་གཞུང་གི་རི་དབུ་གདུགས་ལོ་ཞེས་པ་དེ་ནི་གོ་བོ་ཁྱུང་ཕུག་གི་དབུ་གདུགས་དཀར་པོ་རང་བྱོན་མཛེས་ཤིང་ཡིད་དུ་འོང་བ་ངོ་མཚར་ཅན་ཞིག་ཡོད།

དེ་ནས་སྐྱོ་མདའ་དགོན་གྱི་ཡར་ནང་ཕོ་རོག་ཐང་ཞེས་པ་ལ། རྡོ་ཕོ་རོག་ཞེས་གྲགས་པའི་མགོན་པོའི་བླ་བྱ་བྱ་རོག་རང་བྱོན་གསོན་ཉམས་ལྡན་པ་ལ་དེའི་ནང་དུ་བྱའི་དོན་སྙིང་ཆ་ཚང་དང་གསེར་གྱི་གཏོར་ར་སོགས་ཡོད་པ་ཁམས་སྤྲུལ་ཀུན་དགའ་བསྟན་འཛིན་ནས་གསུངས་པའི་ངག་རྒྱུན་ཡོད།  འདི་དེང་སང་སྐྱོ་མདའི་མགོན་ཁང་སྲིད་གསུམ་རྣམ་རྒྱལ་གྱི་མདུན་དུ་བཞུགས་སུ་གསོལ་ཡོད།

སྐྱོ་མདའ་བསམ་འགྲུབ་གླིང་ནི་ཁམས་ཕྱོགས་ཀྱི་དཔལ་ལྡན་ས་སྐྱའི་རིང་ལུགས་འཛིན་པའི་མ་དགོན་ལྟ་བུར་གྲགས། ས་སྐྱའི་གོང་མ་རྣམས་ལྔའི་ཡ་གྱལ་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་དགུང་ལོ་སོ་གསུམ་པ་རབ་བྱུང་ལྔ་པའི་མེ་ཡོས་ལོ་སྤྱི་ལོ་༡༢༦༧ལོར་ཕྱག་བཏབ།

དེ་ནས་གདན་རབས་དང་པོ་གནས་བརྟན་བ་ཀུ་ལའི་སྤྲུལ་པ་མཁས་གྲུབ་རྒྱལ་མཚན་བཟང་པོ་མཆོག་དང་། འཕགས་པ་ཆོས་ཀྱི་རྒྱལ་མཚན་གཙོ་བོ་གྱུར་པའི་སྐྱོ་མདའ་སྤྲུལ་སྐུ་སྐུ་ཕྲེང་རིམ་བྱོན་རྣམས་དང་། དབོན་ཆུང་སྤྲུལ་སྐུ་སོགས་གདན་རབས་བཅུ་དྲུག་གིས་རིང་ལ་དར་རྒྱས་མཛད། སྔོན་གྱི་བཤད་སྲོལ་ལ་གདན་རབས་བཅུ་པ་རབས་འབྱམས་དཀོན་མཆོག་ཆོས་འཕེལ་གྱི་སྐུ་དུས་ལ་ས་སྐྱའི་མ་དགོན་ཉིད་དུ་གྱུར། དགོན་པའི་གླིང་ནང་ལ་ཡང་། ཤར་ཁ་ཕྱོགས་པ་དང་། རྒ་བ་ཕྱོགས་པ། གླིང་སྟོད་གྲྭ་ཚང་དང་། གླིང་སྨད་གྲྭ་ཚང་སོགས་ཁང་ཚན་མང་པོར་ཡོད། ཚོགས་ཆེན་འདུ་ཁང་ལ་ཀ་རིང་བཅུ་གཉིས་ཀྱི་རྒྱ་ཁྱོན་ལ་ཐོག་རྩེགས་གསུམ་ཅན། ཚོགས་ཆེན་གྱི་དྲི་གཙང་ཁང་དུ་རྟེན་གཙོ་ཤཱཀྱ་ཐུབ་པ། གཡས་གཡོན་དུ་དཔལ་ས་སྐྱའི་གོང་མ་རྣམས་ལྔ། ངོར་ཆེན་ཀུན་དགའ་བཟང་པོ། མཁས་གྲུབ་རྒྱལ་མཚན་བཟང་པོ། འཕགས་པ་ཆོས་ཀྱི་རྒྱལ་མཚན་བཅས་སྨན་འཇིམ་ལས་གྲུབ་པ་སོགས་དཔག་གིས་མི་ལང་ངོ་། འཕགས་པ་ཆོས་ཀྱི་རྒྱལ་མཚན་གྱིས་བཞེངས་པའི་གསེར་དངུལ་སྤེལ་མས་བྲིས་པའི་གུར་སྟག་སམ་གསུམ་དང་འཕགས་པ་ཆོས་ཀྱི་རྒྱལ་མཚན་གྱིས་གསན་ཡིག །འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་ཧོར་སེར་ཆེན་རྒྱལ་པོས་དབང་ཡོན་གསུམ་པའི་སྐབས་ཕུལ་བའི་སངས་རྒྱས་ཤཱཀྱ་ཐུབ་པའི་རིང་བསྲེལ་དངུལ་གྱི་ཟ་མ་ཏོག་གི་ནང་དུ་བཞུགས་ཡོད། མཁན་རབས་བཅུ་པ་རབ་འབྱམས་དཀོན་མཆོག་ཆོས་འཕེལ་གྱི་དབུ་ཐོད་ལ་རིང་བསྲེལ་དུ་མས་སྤྲས་པ། མཁན་རབས་བརྒྱད་པ་བྱམས་པ་རིན་ཆེན་རྣམ་རྒྱལ་གྱི་ཐུགས། ངོར་ཆེན་ཀུན་དགའ་བཟང་པོའི་ཆོས་གོས། འཕགས་པ་ཆོས་ཀྱི་རྒྱལ་མཚན་གྱི་སྐུ་བེར་སོགས་སྐུ་གསུང་ཐུགས་རྟེན་དཔག་ཏུ་མེད་པ་འགྲོ་བའི་བསོད་ནམས་གྱི་ཞིང་དུ་བཞུགས།  གཙུག་ལག་སྦུག་མར་རྟེན་གཙོ། སྟོན་པ་ཤཱཀྱ་མུ་ནེ་དང་བྱམས་པ་དང་འཇམ་དབྱངས། གཡས་སུ་ས་སྐྱ་པན་པཎྜི་ཏ་ཀུན་དགའ་རྒྱལ་མཚན།  གཡོན་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པ། ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ། ཚར་ཆེན་བློ་གསལ་རྒྱ་མཚོ། མཁན་སློབ་ཆོས་གསུམ།  རྗེ་ཡབ་སྲས་གསུམ།  ཡི་དམ་ཀྱཻ་རྡོ་རྗེ།  གསང་འདུས་འཇམ་དཔལ་རྡོ་རྗེ།  འཁོར་ལོ་བདེ་མཆོག་བཅས། རྫ་རྒྱུད་ལྷ་རྗེ་ཀུན་རྒྱལ་གྱིས་ཕྱག་བཟོས། རྒྱུ་ཟངས་གསེར་ལས་གྲུབ་པའི་བྱོན་ལེགས་བྱིན་ལྡན་ཐོག་བརྩེག་གཉིས་ཅན་བཞུགས་ཡོད། མགོན་ཁང་དུ་སྲུང་མའི་གཙོ་བོར་གུར་གྱི་མགོན་པོ་ལ་ལས་མགོན་ལྔ་ཡིས་བསྐོར་བ། གཡས་སུ་དཔལ་མགོན། གཡོན་དུ་དཔལ་ལྡན་ལྷ་མོ་དང་ཡུམ་ཆེན། ལོགས་རྣམས་ལ་བླ་མ་ཡི་དམ་སྲུང་མ་སོགས་ཀྱི་ལྡེབ་བྲིས་ཡོད་དོ། །བྱམས་ཁང་ནང་ལ་རྟེན་གཙོ་ཟངས་གསེར་གྱི་བྱམས་ཆེན་ཐོག་བརྩེགས་གཉིས་ཅན་གཟི་བྱུ་རུ་མ་ན་ཧོ་སོགས་རིན་པོ་ཆེ་དུ་མས་ཕྲ་བཏབ་པའོ། །ཆོས་རྗེ་སྐུ་དབོན་གྱི་བླ་བྲང་དུ་རྟེན་གཙོ་སྲུང་མ་ངན་ནུས་མའི་ཞལ་འབག་རང་བྱོན་སོགས་གནའ་རབས་ཀྱི་རྟེན་གསུམ་རིན་ཐང་གཞལ་དུ་མེད་པ་དཔག་གིས་མི་ལང་བ་བཞུགས་ཀྱང་འདིར་མདོར་བསྡུས་སུ་བྲིས་པའོ། །དེ་ནས་ཕྱིས་སུ་བྱུང་ཚུལ་ནི། །རིག་གནས་གསར་རྗེའི་དུས་ཟིང་འཇགས་རྗེས། རབ་བྱུང་བཅུ་དྲུག་པའི་ལྕགས་བྱ་སྤྱི་ལོ་༡༩༨༡ལོར་ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔ་ལ་བྱམས་ཁང་ནང་སྐར་འཛིན་བྱས་ཏེ་རིམ་པ་གོང་འོག་ལ་ཆོག་མཆན་ཞུ་བ་སོགས་ཉམས་གསོའི་དབུ་ཚུགས། རབ་བྱུང་བཅུ་དྲུག་པའི་ཆུ་ཁྱི་ལོའི་ཟླ་གཉིས་པའི་ཚེས་བཞི་སྤེན་པ་སྣར་མའི་འགྲུབ་སྦྱོར་ཉིན། མགོན་ཁང་སྲིད་གསུམ་རྣམ་རྒྱལ་བཞེངས་པའི་རྨང་བཏིང་སྟེ།  རིམ་པ་བཞིན་གཞུང་གཉེར་ཁང་། ཚོགས་ཆེན་ཁང་། གཙུག་ལག་སྦུག་མ།  ཆོས་རྗེ་སྐུ་དབོན་གྱི་བླ་བྲང་། སྐྱོ་མདའ་བཤད་གྲྭ་བཤད་སྒྲུབ་དར་རྒྱས་གླིང་། རྒྱབ་རི་སྒྲུབ་ཁང་བདུད་ལས་རྣམ་རྒྱལ་བཅས་བཞེངས་གྲུབ་ཅིང་། བྱམས་ཁང་ནི་སྔར་གཙུག་ལག་ཁང་མེ་ཡིས་འཇིག་སྐབས་མེ་ཡིས་མ་འཇིག་པ་གྲགས་ལ་རིགས་གསར་གྱི་སྐབས་སུ་ཡང་ལྷག་བསྡད་པའི་ལྷ་ཁང་བྱིན་ཅན་ཡིན་པ་གྲགས་སོ། །

རབ་བྱུང་བཅུ་བདུན་ལྕགས་སྦྲུལ་ལོ་སྤྱི་ལོ་༢༠༠༡ལོར་སྐྱོ་མདར་བཤད་གྲྭ་བཤད་སྒྲུབ་དར་རྒྱས་གླིང་བཞེངས་གྲུབ།

རབ་བྱུང་བཅུ་བདུན་པའི་ཤིང་སྤྲེལ་སྤྱི་ལོ་༢༠༠༤ལོར་རྫོང་སར་ལྔ་རིགས་སློབ་གླིང་ནས་བྲག་ཡབ་སྒྲུབ་དགོན་དགོན་གྱི་བླ་མ་ཚེ་རིང་འཕྲིན་ལས་མཆོག་གདན་འདྲེན་ཞུས་ཏེ། ཟླ་བ་དྲུག་པའི་ཚེས་བཞི་རྣམ་འདྲེན་ཐུབ་པའི་དབང་པོས་བདེན་བཞི་ཆོས་འཁོར་སྐོར་བའི་དུས་ཚེས་བཟང་པོར་མཁན་ཁྲི་ལ་མངའ་གསོལ་ཏེ་ཟླ་བ་དེའི་ཚེས་བཅུ་གཅིག་ལྷག་པ་ལྷག་མཚམས་འགྲུབ་སྦྱོར་ཉིན། སྤྱོད་འཇུག་ཐོག་འགྲེལ་ཁྲིད་དེ་དམ་པའི་ཆོས་ཀྱི་སྒོ་འཕར་ཡངས་པོར་ཕྱེ་བར་མཛད།

སླར་ཡང་། རྫོང་སར་ཁམས་བྱེའི་སློབ་གླིང་ནས་བཀའ་རབ་འབྱམས་པ་ཆེན་མོ། མཁན་རིན་པོ་ཆེ་ངག་དབང་བསྟན་པ་ཆོས་དར་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་གདན་འདྲེན་ཞུས་ཏེ། སྐྱོ་མདའ་བསམ་འགྲུབ་གླིང་གི་མཁན་རབས་བཅུ་དྲུག་གི་མཁན་ཁྲི་མངའ་གསོལ་མཛད་དེ། དཔལ་ལྡན་ས་སྐྱ་པའི་བསྟན་པ་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཆད་རྩོད་རྩོམ་གསུམ་གྱི་ལས་ལ་ཐུགས་གཞོལ་ནས་བཞུགས་བཞིན་པའོ། །གཞན་ཡང་སྐྱོ་རྒྱུད་ལུང་པའི་དབྱིབས་དང་། རང་བྱོན་ནི་མནྜལ་འབུལ་ས་དང་། མར་མེ་འབུལ་ས། བླ་མའི་ཞབས་རྗེས་དང་རང་བྱོན་སོགས་ཁྱད་ཆོས་མང་ཙམ་ཡོད་པ་ལས་མདོར་ཙམ་ཞིག་བཀོད་པའོ། །སྐྱོ་རྒྱུད་ཅེས་པའི་ཡུལ་མིང་དང་ཐ་སྙད་འདི་དག་ལོ་རྒྱུས་ཀྱི་ཡིག་ཆ་རྙིང་པ་ཁག་ལ་ཡོད་པ་རྣམས་དཔྱད་གཞི་རུ་བྱས་ཏེ་རང་ཉིད་སྐྱོ་རྒྱུད་ལུང་པར་ལྟེ་ཁྲག་འཕོས་ཤིང་སྐྱོ་ཆུ་སྔོན་མོ་ཡུན་རིང་འཐུང་པའི་རིན་དོད་དུ། ལྷོ་ཟླའི་ཨ་གྲགས་འབོད་པ་དེས། ལྷ་ཡུལ་ས་ལ་འཕོས་འདྲའི་གནས་མཆོག་ཟླ་ཆུ་སྔོན་མོའི་གཡས་ཟུར་དུ་བྲིས་པ་དགེའོ། །

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章