བོད་ཀྱི་གཏམ་དཔེ་རིག་པའི་འཇུག་སྒོ་ཞེས་པའི་དེབ་ཀྱི་འགྲེམ་སྤེལ་དེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་འཚོགས།
སྤྱི་ལོ༢༠༢༤ལོའི་ཟླ༡༢པའི་ཚེས༥ཉིན། བོད་ཀྱི་གཏམ་དཔེ་རིག་པའི་འཇུག་སྒོ་ཞེས་པའི་དེབ་ཀྱི་འགྲེམ་སྤེལ་དེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་འཚོགས་པ་རེད། ཚོགས་ཐོག་ཏུ་ཡུལ་ཤུལ་ཁུལ་གྱི་མཁས་པ་མང་པོ་ཞིག་གདན་འཛོམས་ཡོད་ཅིང་། ཁོང་རྣམ་པས་རིམ་པ་བཞིན་དེབ་འདི་ཡི་ནང་དོན་དང་སྒྲིག་གཞི་སོགས་ཀྱི་སྐོར་ནས་གདེང་འཇོག་དང་དཔྱད་བརྗོད་རབ་དང་རིམ་པ་གནང་པ་རེད།
ཚོགས་ཞུགས་ཆེད་མཁས་པ་རྣམ་པས་《བོད་ཀྱི་གཏམ་དཔེ་རིག་པའི་འཇུག་སྒོ》ཞེས་པའི་དེབ་འདི་ནི་བོད་ཀྱི་གཏམ་དཔེ་འདི་ཉིད་རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་ཐོག་ནས་ཞིབ་འཇུག་བྱེད་པའི་དཔེ་དེབ་ཐོག་མ་ཞིག་ཡིན་པ་དང་། སློབ་གསོ་དང་བསླབ་བྱའི་སྐོར་ནས་ནུས་གང་ལེགས་ཐོན་ཡོད་པ་དང་། ལས་ཀ་འདི་ཉིད་ད་ལྟ་དང་མ་འོངས་པར་དོན་སྙིང་ཡོད་པའི་གྲུབ་འབྲས་ཤིག་ཏུ་གྱུར་ཡོད་པ་སོགས་ཀྱི་སྐོར་ནས་གདེང་འཇོག་ཚད་མཐོན་པོ་གནང་པ་རེད།
བོད་ཀྱི་གཏམ་དཔེ་རིག་པའི་འཇུག་སྒོ་ཞེས་པའི་དཔེ་ཆ་དེ་ནི་ཉེ་ཆར་སི་ཁྲོན་མི་དམངས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པ་ཡིན་ཞིང་། དེབ་འདིར་ལེའུ་དང་པོར་བོད་ཀྱི་གཏམ་དཔེ་ཡི་གོ་དོན་དང་ཇི་ལྟར་བྱུང་བའི་སྐོར། ཁྱད་ཆོས་གང་ཡོད་སོགས་ཁ་གསལ་གནད་འདུས་ཀྱིས་བཤད་ཡོད། ལེའུ་གཉིས་པར་བོད་ཀྱི་གཏམ་དཔེ་ཡི་ལུས་སྲོག་རྒྱན་གསུམ་གྱི་སྐོར་ནས་བྲིས་ཡོད་པ་དང་། ལེའུ་གསུམ་པ་ནི་བོད་ཀྱི་གཏམ་དཔེ་ལས་འཕྲོས་པའི་བསླབ་བྱའི་སྐོར་ནས་བྲིས་ཡོད་པ་རེད།
ཨ་ཁུངས་བསོད་ནམས་ཆོས་འཕེལ་ནི་ཡུས་ཧྲུའུ་འབྲི་སྟོད་རྫོང་གི་མི་ཡིན་ཞིང་། སྔ་ཕྱིར་སྙན་རྩོམ་དང་དཔྱད་གཏམ་ཕྱོགས་བསྒྲིགས་དུང་སེམས་ཀྱི་ལང་ཚོ་དང་། སུམ་ཅུ་པའི་རྣམ་བཤད་བྱིས་པ་འཇུག་པའི་ལམ་བུ་གཉིས་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། 2019ལོ་ཁམས་སྟོད་ཡུལ་ཤུལ་ལྡེའུ་སྤྱི་བཤད་ཅེས་པ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན། གཞན་ཡང་བོད་ཡིག་བསླབ་དེབ་བྱིས་པ་བདེ་བླག་དང་། གླིང་སྒྲུང་གི་རྨང་གཞི་ཤེས་བྱ་བློ་གསལ་དགའ་སྐྱེད་སོགས་སློབ་གྲྭ་ཆུང་འབྲིང་གི་ཟུར་ལྟའི་བསླབ་དེབ་བཅུ་ལྷག་རྩོམ་སྒྲིག་བྱེད་མྱོང་། སློབ་ཁྲིད་ཞོར་དུ་ཕ་ཡུལ་གྱི་རི་ཀླུང་མང་པོར་འགྲིམས་ནས་གཏམ་དཔེ་དང་ལྡེའུ་སོགས་ངག་ཐོག་རིག་གནས་མང་པོ་ཞིག་བསྡུ་སྒྲིག་བྱས་མྱོང་།
རྩོམ་སྒྲིག་པ། ལྷ་མོ་བཀྲ་ཤིས།
ཞུ་ཆེན། པ་སངས་རྡོ་རྗེ།
གཙོ་སྒྲིག་པ། མཁའ་འགྲོ་ཚེ་རིང་།
ལྟ་སྐུལ་པ། འཆི་མེད་དབང་མོ།
གོང་གི་ཚད་གཉིས་ཨང་གྲངས་བཤེར་འབེབས་བྱས་ན་
ཁམས་པའི་བརྙན་འཕྲིན་གྱི་ལེ་ཚན་ཆ་ཚང་གཟིགས་ཐུབ།
关注我们
微信号 :weikangba
新浪微博 :康巴藏语卫视
ཤམ་བྷ་ལ་ཆ་འཕྲིན་ཕབ་ལེན་བྱས་ན་བོད་ཁུལ་གྱི་ཆ་འཕྲིན་གསར་པ་གང་མང་གཟིགས་ཐུབ་པར་མ་ཟད། གླུ་གར་དང་བོད་སྐད་བརྙན་འཕྲིན་ཟློས་གར། གློག་བརྙན། འཆད་ཁྲིད། རོལ་དབྱངས་སོགས་ཆབ་དཔལ་རིག་གསུམ་གང་ཡིན་ཡང་རང་ཉིད་ཀྱི་འདོད་མོས་ལྟར་གཟིགས་ཆོག