ཕ་ཡུལ་གསེར་གྱི་གཞོང་བ།
金色故乡
ཚིག་རྩོམ་མཁན། གཡེ་རུས་རྐང་།
作词 :叶热岗
དབྱངས་རྩོམ་མཁན། བློ་གསལ།
作曲:罗萨
གཞས་གཏོང་མཁན། བློ་གསལ།
演唱:罗萨
༡
ཕྱག་གཡས་སྒོ་ཕྱར་ཡར་ལ་བཀྱགས་པའི་སྦྲ་ནག་གྲུ་བཞི་འབྲོག་ན་ཡོད།
སྤྲིན་དང་ལུག་ཁྱུ་སྤང་ནས་འདྲེས་པའི་སྣང་བའི་འཇའ་ཚོན་མཁའ་ནས་ཚེས།
འདོ་བ་རྟ་ཕོའི་གོམ་འགྲོས་གཤིབ་སའི་རྩྭ་ཐང་རྡུལ་དམར་རླུང་གིས་དེད།
ཉི་ཟླའི་གའུ་དབུ་ལ་ཐོགས་པའི་མེས་པོའི་སྒལ་ཚིགས་གནམ་གྱིས་བསྲུངས།
ས་སྐྱིད་པོ། ཡུལ་སྐྱིད་པོ།
རྟེན་འབྲེལ་གྱི་ལྷ་རྫས་གཙང་མ།།
ཁྱུང་ཆེན་གྱི་གཤོག་པས་བཏེགས་པའི།།
ཕ་ཡུལ་དག་པའི་གནས་མཆོག་འདིར།།
ཡོན་ཆབ་གསེར་ཕྲེང་བཤམས་ནས་ཡོད།།
༢
རི་རྩེའི་དར་ལྕོག་རླུང་གིས་བསྐྱོད་དེ་བྱིན་རླབས་འབྲས་བུ་མི་ལ་འཁོར།
སྤྲིན་པའི་རྒྱལ་མཚན་མཁའ་རུ་ཕྱར་ནས་སྦྲང་ཆར་བསིལ་མའི་དངོས་གྲུབ་འཐོར།
ཞལ་འཛུམ་ཡག་པའི་བུ་མོའི་དབུ་ལ་སྤང་གི་མེ་ཏོག་རྒྱན་དུ་མཛེས།
ས་ཆེན་ཨ་མའི་པང་ལ་འཕྱུར་བའི་གཡུ་ཡི་མཚོ་མོ་ལྟེམས་སེ་བསྐྱིལ།
ས་སྐྱིད་པོ། ཡུལ་སྐྱིད་པོ།
རྟེན་འབྲེལ་གྱི་ལྷ་རྫས་གཙང་མ།།
ཁྱུང་ཆེན་གྱི་གཤོག་པས་བཏེགས་པའི།།
ཕ་ཡུལ་དག་པའི་གནས་མཆོག་འདིར།།
ཡོན་ཆབ་གསེར་ཕྲེང་བཤམས་ནས་ཡོད།།