ལས་ཀྱི་བར་ཐག
ཚིག་རྩོམ་མཁན། གཡེ་རུས་རྐང་།
དབྱངས་རྩོམ་མཁན། དཀོན་མཆོག་སྐྱབས།
གཞས་གཏོང་མཁན། འཕགས་མོ་སྒྲོལ་མ།
༡
ལོ་ཟླའི་ཁ་ཆད་གསུབ་འདོད་མེད་ཅིང་།།
འཕྲད་ཡོང་བསམ་ནས་ཚེ་ལ་བསྲིངས་ཡིན།།
སེམས་ལ་བསྙལ་བའི་བརྩེ་བའི་རུ་མ།།
འཐུང་འདོད་སེམས་ཀྱིས་ལོ་ཟླ་བརྩིས་ཡིན།།
ཚེ་སྔོན་བསགས་པའི་ལན་ཆགས་སྤར་གང་།།
ད་ལྟའི་མི་ཚེའི་རྩི་ཐོག་སྨིན་ནས།།
ལས་དབང་ཟེར་བའི་རྩྭ་ལྗང་ལོ་མ།།
སྟོན་ཐོག་བ་མོས་བཅོམ་འདྲ་ཆད་སོང་།།
༢
འདང་བརྩེའི་རི་མོ་སེམས་ལ་བྲིས་ནས།།
ཕན་ཚུན་བར་ཐག་སེམས་ཀྱིས་བསྐྱོར་ཡིན།།
སེམས་ལ་བབས་པའི་དར་དཀར་མེ་ཏོག།
དབུལ་འདོད་སེམས་ཀྱིས་མཛུབ་མོ་བགྲང་ཡིན།།
བགྲང་བྱའི་ལོ་ཟླ་སྟོང་པར་གྱུར་ནས།།
ལོ་ཟླས་གཙེས་པའི་བྱམས་པའི་རྒྱབ་གཟུགས།།
སྣང་བ་འཁྲུལ་བའི་འཇའ་ཡི་གུར་ཁྱིམ།།
རེག་དགོས་བསམ་དུས་བློ་ནས་ཡལ་སོང་།།
༣
ཞེ་ནས་འཁོན་པའི་སྡུག་བསྔལ་མེད་ཅིང་།།
ཁ་འཛིང་ཁོག་ནས་འཛུམ་ཆུང་བསྟན་ཡིན།།
ཞེ་འདང་སེམས་ཀྱི་མར་ལོ་རིམ་གང་།།
ཚེ་སྔོན་བསགས་པའི་བགོ་སྐལ་ཡིན་ནམ།།
འཇིག་རྟེན་མི་ཚེ་འགྱུར་ལྡོག་ཆེ་བས།།
གློ་བུར་མིག་མཐའ་མཆི་མས་བརྣངས་སོང་།།
ཁ་ཞག་འཁྱིལ་བའི་དཀར་ཡོལ་ནང་དུ།།
བརྩེ་བའི་འོད་ཆུ་ལྡེམ་སེ་བསྐྱིལ་ཡོད།།