སྐྱེས་པ་འདི་དེ་འདྲའི་ཐབས་སྡུག་པ་ལ་ཨང་། རང་གི་བཟའ་ཟླར……

政务   2024-10-29 17:29   西藏  



    “ཉེན་རྟོག་པ་ལགས། ང་ལ་ཁྱོ་གས་ཉེས་རྡུང་བཏང་བྱུང”ཞེས་ཟླ་10ཚེས་20ཉིན་གྱི་ཐོ་རེངས་ཆུ་ཚོད་5པ་ཙམ་ལ། གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་བདེ་ལེགས་མངགས་གཏོང་ཁང་ལ་ཚེ་ཆེ་གེ་མོས་ཉེན་དོན་སྙན་སེང་ཞུས་ནས། མི་དམངས་ཉེན་རྟོག་པས་ཐག་གཅོད་གནང་རོགས་ཞེས་བཤད།
ཉེན་དོན་སྙན་སེང་འབྱོར་རྗེས། མི་དམངས་ཉེན་རྟོག་པས་ལམ་སེང་ས་ཡུལ་དངོས་སུ་ཕྱིན་ནས་གནས་ཚུལ་ཤེས་རྟོགས་བྱས་པ་བརྒྱུད། ཚེ་ཆེ་གེ་མོ་དང་ཉི་ཆེ་གེ་མོ་གཉིས་ཁྱིམ་ཚང་གི་དོན་དག་ཙག་ཙིག་ལ་ཁ་རྩོད་ཤོར་ནས་ཉི་ཆེ་གེ་མོས་ཚེ་ཆེ་གེ་མོར་ཉེས་རྡུང་བཏང་ཡོད་པ་རེད།   
    གནས་ཚུལ་ཤེས་རྟོགས་བྱུང་རྗེས། འགལ་ཟླ་བསལ་ནས་ཁྱིམ་ཚང་འཆམ་མཐུན་ཡོང་བར་བྱེད་པའི་རྩ་དོན་ལྟར། མི་དམངས་ཉེན་རྟོག་པས་དུས་ཐོག་ཏུ་ཕྱོགས་གཉིས་ཀར་སེམས་གསོ་བཏང་བ་མ་ཟད། བཅའ་ཁྲིམས་འགྲེལ་བཤད་དང་། ཅི་འཕྲོས་མོལ་འཕྲོས་ཤོད་པ་སོགས་ཀྱི་ཐོག་ནས་ཕྱོགས་གཉིས་ཀར་ངང་རྒྱུད་རིང་པོས་ཁ་ཏ་བསླབ་བྱ་བྱས། ད་དུང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》དང་། ཁྱིམ་ཚང་གི་འགན་འཁྲི་ནས་སྤྱི་ཚོགས་ཀྱི་འགན་འཁྲི། ཁྱོ་ཤུག་གི་བརྩེ་དུང་ནས་བུ་ཕྲུག་གི་སློབ་གསོ་སོགས་ཕྱོགས་མང་པོ་ནས་སློབ་གསོ་བརྒྱབ་པ་མ་ཟད། ཁོ་གཉིས་ལ་ཕན་ཚུན་བསམ་ཤེས་མང་ཙམ་བྱས་ནས་འཁང་ར་ཉུང་ཙམ་བྱེད་དགོས་པའི་ཁྲིད་སྟོན་ཡང་བྱས་པ་རེད།

མི་དམངས་ཉེན་རྟོག་པས་ངང་རྒྱུད་རིང་པོས་འདུམ་འགྲིག་བྱས་པ་བརྒྱུད། ཕྱོགས་གཉིས་ཀས་རང་རང་སོ་སོའི་སྐྱོན་ངོས་འཛིན་གསལ་པོ་ཐུབ་ནས། སླད་ཕྱིན་དོན་དག་འཕྲད་དུས་གྲོས་བསྡུར་ཡག་པོ་བྱེད་པ་ལས་རྩོད་པ་རྒྱག་གི་མིན་ཞེས་བཤད་པ་དང་། ཉི་ཆེ་གེ་མོས་ཀྱང་བཟའ་ཟླར་ཉེས་རྡུང་མི་གཏོང་བའི་ཁས་བླངས་པ་མ་ཟད་དགོངས་དག་ཀྱང་ཞུས་པ་རེད།
ཁྱིམ་ཚང་གི་གཏུམ་སྤྱོད་ཡང་བསྐྱར་མི་ཐོན་པ་བྱ་ཆེད།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྱིམ་ཚང་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་དྲུག་པའི་གཏན་འབེབས་གཞིར་བཟུང་། མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་ཉི་ཆེ་གེ་མོར《ཁྱིམ་ཚང་གི་གཏུམ་སྤྱོད་སྐོར་གྱི་བསླབ་བྱའི་ཡི་གེར》མིང་བཀོད་དུ་བཅུག་པ་མ་ཟད། བཟའ་ཟླར་ད་དུང་ཉེས་རྡུང་བཏང་ཚེ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་ཞེས་བསླབ་བྱ་བརྒྱབ་པ་རེད།





ཡན་ཅིན་ཧའེ་དང་ཀརྨ་ཚེ་བརྟན་གྱི་གོ་གནས་ལ་འགྱུར་བ་བྱུང་འདུག

ཁ་ཤོ་རྐན་ཤོའི་བྱིས་པར་རིན་མེད་ངང་གཤགས་བཅོས་བྱེད་ཀྱི་འདུག

ཕྲུ་གུར་སྒྲོག་རྩེ་དང་རྐུབ་སྟེགས་འདི་རིགས་ཉོ་བའི་དགོས་པ་ཡོད་དམ།





རྩོམ་སྒྲིག་པ་གཙོ་བོ། བསྟན་འཛིན་རྒན་པ།
འགན་འཁུར་རྩོམ་སྒྲིག་པ། བསྟན་འཛིན་གཡུ་སྒྲོན།
ལག་བསྟར་རྩོམ་སྒྲིག་པ། དཀོན་མཆོག་སྒྲོལ་མ། ཉི་མ་བཀྲ་ཤིས།



རྩོམ་ཡིག་སྐུར་ས་དང་འབྲེལ་གཏུག་བྱ་ཡུལ།
xzrbzwmt@163.com

西藏日报藏文媒体
报道最新新闻,传播藏文化信息,奉献最有价值的新闻和信息。
 最新文章