ཨི་ཟི་རེལ་དང་ཕ་ལི་སི་ཐན་བར་དམག་འཁྲུག་མཚམས་འཇོག་པའི་གྲོས་མཐུན་བཞག
དཀྱིལ་ཤར་གྱི་གཏམ་བཟང་།
2025/1/16 གཟའ་ཕུར་བུ།
ཨེ་ཟི་རེལ་དང་ཕ་ལི་སི་ཐན་གྱི་ཧཱ་མ་སི་དྲག་དཔུང་བར་དམག་མཚམས་འཇོག་རྒྱུར་གཞི་ནས་གྲོས་མཐུན། རྒྱ་གར་གྱི་མདང་དགོང་ངམ་གཟའ་ལྷག་པའི་མཚན་མོར། ཁཱ་ཀྲར་གྱི་རྒྱལ་ས་རྡུ་ཧ་རུ་ཨ་རིའི་བྷ་ཀྲན་སྲིད་གཞུང་གི་སྐུ་ཚབ་དང་། ཡོང་རྒྱུ་ཡིན་པའི་སྲིད་འཛིན་སྒྲོ་ནལ་ཁྲི་རམ་ཕུའི་སྐུ་ཚབ་སོགས་ཀྱིས་བར་འདུམ་བྱས་མཐར། ཕྱོགས་གཉིས་ཀས་འབྱུང་འགྱུར་ཉིན་ 42 རིང་དམག་མཚམས་འཇོག་རྒྱུར་ཁས་བླངས།
སྲིད་འཛིན་བྷ་ཀྲན་དང་ཁྲི་རམ་ཕུ་གཉིས་ཀས། རང་རང་གི་ལས་ཀའི་གྲུབ་འབྲས་ཡིན་ཞེས་བསྒྲགས། སྒྲོ་ནལ་ཁྲི་རམ་ཕུས། ཟླ་འདིའི་ཚེས་ 20 ཉིན་ཏེ་ཁོ་སྲིད་སྟེགས་སུ་མ་བསླེབས་སྔོན། དམག་མཚམ་བཞག་ནས་ཧཱ་མ་སིས་བཟུང་ཟིན་པའི་མི་དག་མ་གློད་ཚེ། དཀྱིལ་ཤར་དུ་དམྱལ་ཁམས་སྒོ་དབྱེ་རྒྱུ་ཡིན་ཞེས་ཉེན་བརྡ་བཏང་རྗེས་དམག་མཚམས་འདི་འཇོག་རྒྱུའི་གྲོས་མཐུན།
གྲོས་མཐུན་འདི་བདུན་ཕྲག་འདིའི་གཟའ་ཉི་མ་ནས་ལག་བསྟར་བྱ་རྒྱུ་ཐག་བཅད། ཨེ་ཟི་རེལ་དང་ཧཱ་མ་སི་གཉིས་ཀྱིས་མུ་མཐུད་ཕན་ཚུལ་ལ་གཏོར་རྒོལ་བྱེད་ཀྱིན་པ་དང་། གཟའ་ལྷག་པའི་ཉིན་གྷ་ཛ་ས་ཁུལ་དུ་མི་ 20 བསད་ཟིན་པ་ཧཱ་མ་སི་དྲག་དཔུང་གིས་བཤད། ཨ་རིའི་སྲིད་འཛིན་བྷ་ཀྲན་གྱིས། གྲོས་མཐུན་འདིའི་ཁྲོད། གྷ་ཛ་ས་ཁུལ་ནས་ཨེ་ཛི་རལ་གྱི་དམག་དཔུང་ཡོངས་སུ་ཕྱིར་འཐེན་དང་། ཧཱ་མ་སི་དྲག་དཔུང་གིས་བཟུང་ཟིན་པའི་མི་སེར་ཚང་མ་གློད་རྒྱུ་ཚུད་ཡོད་པ་བཤད།
ད་ལྟ་བར་ཕྱིར་ཐོན་པའི་གནས་ཚུལ་ལྟར་ན། གྲོས་མཐུན་འདིའི་ཁྲོད་དམག་མཚམས་འཇོག་རྒྱུའི་དུས་ཡུན་དེ་རིམ་པ་ 3 ལ་བགོ་འཆར་ཡོད་པ་གསལ། དམག་མཚམས་རིམ་པ་གཉིས་པའི་སྐོར་ལ་དམག་མཚམས་རིམ་པ་དང་པོ་འགོ་བཙུག་ནས་ཉིན་ 16 གི་མཚམས་སུ་གྲོས་བྱ་རྒྱུ་བྱས་ཡོད་པ་བཤད།
དམག་མཚམས་རིམ་པ་དང་པོའི་སྐབས། ཕྱི་ལོ་ 2023 ཟླ་ 10 ཚེས་ 8 ནས། ཨེ་ཟི་རེལ་གྱིས་བཟུང་ཟིན་པའི་ཕ་ལི་སི་ཐན་གྱི་མི་ 1,000 གློད་རྒྱུ་དང་། དེའི་ཁྲོད་ལོ་དེའི་ཟླ་ 10 ཚེས་ 7 ཉིན་ཨེ་ཟི་རེལ་ལ་དྲག་རྒོལ་བྱེད་མཁན་དག་ཚུད་རྒྱུ་མིན་པ།
དེ་དང་ལྷན་ཧཱ་མ་སི་དྲག་དཔུང་གིས་བཟུང་ནས་ཉར་ཡོད་པའི་ཨེ་ཟི་རེལ་གྱི་མི་སེར་དག་ནས་ 33 གློད་རྒྱུ། གཞན་ཨེ་ཇིབ་དང་གྷ་ཛ་བར་གྱི་ལམ་ཀ་དབྱེ་རྒྱུ་དང་། རོགས་སྐྱོར་སྐྱེལ་མཁན་གྱི་རླངས་འཁོར་བརྒྱ་ཕྲག་མང་པོ་ཉིན་རེར་འགྲོ་རུ་འཇུག་རྒྱུ་བཅས་ཚུད་ཡོད་པ་གསལ།
ཟླ་བ་ 15 རིད་གི་དམག་འཁྲུག་འདི་ཧཱ་མ་སི་དྲག་དཔུང་གིས། ཨེ་ཟི་རེལ་གྱི་ལྷོ་ཕྱོགས་སུ་གློ་བུར་ཚུར་རྒོལ་གྱིས། ས་ཁུལ་དེ་དག་གི་མི་སེར་སོགས་ 1,200 ཡས་མས་བསད་ཅིང་། གཞན་ 250 མ་ཟིན་ཙམ་གསོན་བཟུང་གིས་གྷ་ཛ་ས་ཁུལ་ལ་བཙན་འཁྲིད་བྱས་པའི་མཇུག་འབྲས་སུ་བྱུང་ཞིང་། དམག་འཁྲུག་འདིའི་ཁྲོད་གྷ་ཛ་ས་ཁུལ་གྱི་མི་ 46,707 ཡས་མས་བསད། གྲོང་ཁྱེར་དག་ཐལ་བའི་རྡུལ་དུ་བརླགས་ཟིན་པས། ཨེ་ཟི་རེལ་གྱིས་ཧཱ་མ་སི་རྩ་མེད་བཟོ་མ་ཐུབ་ཅིང་། ཧཱ་མ་སི་ལའང་ཐོབ་སོང་བ་འདི་རེད་ཅེས་ཤོད་རྒྱུ་མེད་པའི་དམག་འཁྲུག་ཡ་ང་བ་ཞིག་ཏུ་གྱུར།
ལྷག་པར་གྲོས་མོལ་རིམ་པ་གཉིས་པ་དང་གསུམ་པ་སོགས་ལ་ཆབ་སྲིད་སོགས་དང་། འབྱུང་འགྱུར་གྱི་གྷ་ཛ་ས་ཁུལ་གྱི་གནས་སྟངས་སོགས་ཀྱི་ཐད་གྲོས་བྱ་དགོས་པས། ཕྱོགས་གཉིས་ཀའི་མདུན་དུ་དཀའ་ངལ་ཆེན་པོ་འགའ་ཡོད་པ་གསལ།