ཐུན་ཏེ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས་ནི། སྔོན་ཆད་ཀྱི་ཐུན་ཏེ་རྫོང་རྒྱང་སྒྲོག་བརྙན་འཕྲིན་དོ་དམ་ས་ཚིགས་རྒྱ་བསྐྱེད་པ་ཞིག་ཡིན་ཞིང་། སྤྱི་ལོ2017ལོའི་ཟླ3པར་རྒྱལ་ཁབ་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ཐུན་ཏེ་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་བསྒྱུར་བ་དང་། སྤྱི་ལོ2020ལོའི་ཟླ1པོར་དངོས་སུ་ཐུན་ཏེ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས་སུ་བསྒྱུར། ལྟེ་གནས་དེས་ས་གནས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བའི་དགོས་མཁོ་སྐོང་བ་དང་། ཏང་གི་གསུང་སྐད་སྙན་མོ་མཐོ་སྒང་གི་རུ་སྡེ་ཁྲི་སྟོང་མང་པོའི་སྒོ་དྲུང་དུ་བསྐྱལ་ནས། མི་དམངས་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་གིས་བཏོན་པའི་དམངས་ཕན་སྲིད་ཇུས་སྣ་ཚོགས་ལ་རྒྱུས་ལོན་གང་ལེགས་བྱེད་ཐུབ་པར་དགེ་མཚན་ལྡན་པའི་ནུས་པ་ཆེན་པོ་བཏོན་པར་མ་ཟད། རྫོང་རུའི་འབྱུང་ཡུལ་སོགས་དང་འབྲེལ་བའི་ཁྱད་ཆོས་ལྡན་པའི་ལེ་ཚན་སྐོར་ཞིག་སྒྲུབ་ནས་རྫོང་ཁོངས་ཀྱི་རང་བྱུང་མཛེས་ལྗོངས་དང་ལོ་རྒྱུས་མི་ཆོས། དམངས་སྲོལ་རིག་གནས་སོགས་ཀྱི་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ཤིང་། ཁྱད་ལྡན་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་ཀྱི་སྤུས་རྟགས་ལ་བརྟེན་ནས། ཐུན་ཏེ་ཡི་མཚན་སྙན་རྒྱུན་ཆད་མེད་པར་ཁྱབ་བསྒྲགས་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད། གནས་ཚུལ་དེའི་སྐོར་ནས་ཐུན་ཏེ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས་ཀྱི་ཀྲུའུ་རིན་གཞོན་པ་སྟག་ལྷས་བཤད་རྒྱུར། ཐུན་ཏེ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས་ཀྱིས་རང་ངོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མི་དམངས་མང་ཚོགས་ལ་ཁྲིད་སྟོན་དང་ཞབས་འདེགས་ཞུ་རྒྱུ་དེ་དམིགས་འབེན་དུ་བཟུང་ཞིང་། ལས་བྱེད་མི་སྣ་རྣམས་ཀྱིས་ཉིན་རྒྱུན་ལྟར་གལ་ཆེའི་སྲིད་དོན་གསར་འགྱུར་དང་ས་གནས་ཀྱི་གསར་འགྱུར་སྣ་ཚོགས་ལོ་ཙཱ་དང་རྩོམ་འབྲི་བྱེད་པ་དང་། གསལ་དག་སྙན་གསུམ་གྱི་སྐད་ངག་ལ་བརྟེན་ནས་དུས་ཐོག་ཏུ་སྙན་སྒྲོན་བྱེད་པའི་བྱ་བར་འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད། དེའི་སྐོར་ནས་ཐུན་ཏེ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས་ཀྱི་སྙན་སྒྲོན་པ་རྡོ་རྗེ་ཚེ་བརྟན་གྱིས་བཤད་རྒྱུར། ཐུན་ཏེ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས་ལ་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་གྱི་སྐུད་མེད་གཞི་གྲངས་ཅན་གྱི་ཁེབས་ཚད་ལྡན་པའི་བཟོ་སྐྲུན་ས་ཚིགས9ཡོད་ཅིང་། ད་ལྟ་རྫོང་ཡོངས་སུ་རྒྱང་སྒྲོག་ལ་ཉན་ཐུབ་པའི་མི་གྲངས་ཀྱི་ཚད་དེ99.08%ཟིན་ལ། བརྙན་འཕྲིན་ལ་ལྟ་ཐུབ་པའི་མི་གྲངས་ཀྱིས99.08%ཟིན་ཡོད། རྫོང་ཡོངས་སུ་འཁོར་སྐར་ཐད་གཏོང་ས་ངོས་བསྡུ་ལེན་བྱེད་ཐུབ་པའི་སྒྲིག་ཆས་བཙུགས་ཡོད་པའི་ཁྱིམ་ཚང16955ཡོད་པ་དང་། ཤར་གཏོང་གི་ཚད་དེ100%ལ་སླེབས་ཡོད། ཐུན་ཏེ་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ལས་བྱེད་མི་སྣ་པདྨ་བདུད་འདུལ་གྱིས་བཤད་རྒྱུར།
གསར་འགོད་པ། གཡང་འབུམ་རྒྱལ། ཤ་བོ་གསེར་མཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་གྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།