ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

文摘   2024-11-20 12:58   青海  

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

ཟླ11པའི་ཚེས19ཉིན།    ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ལམ་གྱི་གསུང་བཤད་གལ་ཆེན་དང་།    མཛུབ་སྟོན་གལ་ཆེན།    ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད།    ལྗང་མདོག་རྩིས་ནུས་མཐུན་སྦྱོར་འཕེལ་རྒྱས་སོགས་ཀྱི་བྱ་བར་ཞིབ་འཇུག་བྱས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེ་རུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཐད་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པས།     རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཧུར་ཐག་གིས་ཞུགས་པ་དང་དེར་ཞབས་འདེགས་ཞུས་ནས། མཐུན་ཕྱོགས་དང་ཤུགས་རྒྱག་ས་ཡང་དག་པར་འཚོལ་བ་དང་། རྒྱལ་ཁབ་ཀྱིས་བཏོན་པའི་འཕར་སྣོན་བརྟན་པར་བྱེད་པའི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། ཧུར་ཐག་གིས་ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་དགོས།     ཚན་རྩལ་གསར་གཏོད་དང་།    རིག་གནས་ཐོན་ལས།    སྒོ་འབྱེད་རྒྱ་བསྐྱེད།    མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་བྱ་བར་ཧུར་ཐག་གིས་ཞིབ་འཇུག་བྱས་ཏེ། གསར་གཏོད་ཕྲེང་འབྲེལ་དང་།    ཐོན་ལས་ཕྲེང་འབྲེལ། མ་དངུལ་ཕྲེང་འབྲེལ། ཤེས་ལྡན་མི་སྣའི་ཕྲེང་འབྲེལ་སོགས་ཕན་ཚུན་མཉམ་འདྲེས་བྱ་རྒྱུར་ཤུགས་བསྣན་ནས། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་ཀྲུའུ་ཧའེ་གྲོང་ཁྱེར་དུ་རླངས་འཁོར་བསྐོར་ནས་ལམ་འགྲོ་པར་བརྡུངས་པའི་གྱོད་གཞིར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་ལེགས་པོ་བྱེད་པར་ཚད་མཐོའི་གདེང་འཇོག་གནང་བཞིན་པ་མཚོན། ཉེན་ཁའི་འབྱུང་རྩར་དོ་དམ་ཚོད་འཛིན་བྱ་རྒྱུར་དངོས་སུ་ཤུགས་སྣོན་པ་དང་།    གནས་གཙོ་བོ་དང་གཙོ་གནད་ཁྱབ་ཁོངས་ལ་དམིགས་པ།    གཅིག་ཤེས་ཀུན་གྲོལ་ངང་སྤྱི་པའི་བདེ་འཇགས་ཁྱབ་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་པ།    སྔོན་འགོག་བྱེད་ཐབས་དོན་འཁྱོལ་ཞིབ་ཕྲ་བྱེད་པ་བཅས་བྱས་ནས། ཐལ་དྲགས་པའི་གྱོད་གཞིའི་དོན་རྐྱེན་དང་བདེ་འཇགས་ཐད་ཀྱི་ཆག་སྒོ་ཚབས་ཆེན་འབྱུང་བར་གཏན་འགོག་བྱེད་དགོས།     གཞི་རིམ་གྱི་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་རྒྱུ་དེ་གནས་བབ་གལ་ཆེན་དུ་བཞག་ནས། གནད་དོན་གཞི་རིམ་དུ་ཐག་གཅོད་དང་གནད་དོན་བྱུང་མ་ཐག་ནས་སེལ་ཏེ། “ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཅིག་གི་བདེ་འཇགས་ལ་འགན་སྲུང་བྱེད་པའི”ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས།

གྲོས་ཚོགས་ལས་བསྟན་དོན།    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་སོ་གཅིག་པའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་།    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བཏོན་པའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་སྒྲིག་གཞི་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བའི་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་པ།    “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ཁྲོད་གཏིང་ཟབ་སྒོས་ཞུགས་པ།    མཚོ་སྔོན་གྱིས་ཕྱི་ནང་གཉིས་ཀར་སྒོ་འབྱེད་པའི་ཆུ་ཚད་མུ་མཐུད་དུ་མཐོ་རུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་སྤྱིའི་ཕྱི་འབྲེལ་ལ་ཞབས་ཞུ་སྔར་ལས་ལེགས་པོ་སྒྲུབ་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་བྱ་བ་དང་དམངས་སྲིད་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་།    ཀྲུང་དབྱང་གི་སྤྱི་ཚོགས་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་ཀྱི་དམངས་སྲིད་གྲོས་ཚོགས་ཀྱི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་ནན་མོ་བྱེད་དགོས།     སྤྱི་ཚོགས་བྱ་བར་འཕྲད་པའི་གནས་བབ་གསར་པ་དང་ལས་འགན་གསར་པ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་།    དཔལ་འབྱོར་རྩ་འཛུགས་གསར་པ་དང་།    སྤྱི་ཚོགས་རྩ་འཛུགས་གསར་པ།    ལས་ཞུགས་ཚོགས་སྤྱི་གསར་པ་བཅས་ཀྱི་ཏང་འཛུགས་སྐྲུན་འབུར་དུ་བཏོད་ནས་དམ་འཛིན་བཟང་བོ་བྱེད་དགོས།    ཐོན་ཁུངས་སྤྱི་འདོམས་ལ་ཤུགས་སྣོན་པ་དང་རྩ་འཛུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ།    གཡུལ་ས་ཇེ་ལེགས་སུ་གཏོང་བ།    ཞབས་ཞུའི་མ་ལག་རྒྱ་ཆེར་གཏོང་བ་བཅས་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་བྱ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།     ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ལས་དོན་འཕེལ་རྒྱས་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་དང་ཇུས་འགོད་བྱེད་པ་དང་།    དམངས་འཚོའི་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ལས་འགན་གཙོ་བོ་ལག་བསྟར་ཡག་པོ་བྱེད་པ།    ཀུན་ཕན་རང་བཞིན་དང་རྨང་གཞིའི་རང་བཞིན།    ཚད་མཐའི་རང་བཞིན་བཅས་ཀྱི་དམངས་འཚོའི་འཛུགས་སྐྲུན་ལ་ཤུགས་སྣོན་པ། བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་དང་སྔར་ལས་དྲང་བདེན་སྒོས་རིགས་སོ་སོའི་མང་ཚོགས་ལ་ཕན་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ལས་བསྟན་དོན། ལྗང་མདོག་རྩིས་ནུས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་མཚོ་སྔོན་གྱིས་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་འགོ་རྩོམ་ས་གལ་ཆེན་ཞིག་ཡིན་པ་དང་།    མཚོ་སྔོན་གྱི་ཁྱད་ཆོས་དང་ཁྱད་སྟོབས་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ།    རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་སྔར་ལས་ལེགས་པའི་སྒོ་ནས་མཉམ་འདྲེས་དང་ཞབས་ཞུ་སྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན། གོ་སྐབས་དམ་འཛིན་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་འཕེལ་རྒྱས་ཀྱི་ངེས་གནས་དང་འཛུགས་སྐྲུན་གྱི་དམིགས་འབེན་གཏན་འབེབས་གསལ་བོ་བྱེད་པ་དང་།    རྒྱལ་ཁབ་ཀྱི་སྲིད་ཇུས་བེད་སྤྱོད་ཡག་པོ་བྱེད་པ།    དངོས་སྒྲུབ་དང་སྤྱོད་གོ་ཆོད་པའི་བྱེད་ཐབས་འདོན་པ།    སྒྲིག་སྲོལ་རྐྱེན་སྲོལ་གྱི་བཅོས་སྒྱུར་འབུར་དུ་ཐོན་པ་བཅས་བྱས་ནས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།     འཆར་འགོད་ཀྱིས་སྣེ་ཁྲིད་དང་ཕྱོགས་མང་མཉམ་འགུལ།    སྙིང་རུས་ཉམས་མེད་བཅས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རྨང་གཞི་འདིང་བ་དང་རྒྱང་རིང་ལ་དམིགས་པའི་བྱ་བ་མང་ཙམ་སྒྲུབ་པ་དང་།    ལྗང་མདོག་རྩིས་ནུས་མཐུན་སྦྱོར་དཔེ་སྟོན་གླིང་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ།    མཐུན་སྦྱོར་འཕེལ་རྒྱས་ཀྱི་བཀོད་པ་ཆགས་རྒྱུར་ཤུགས་སྣོན་པ་བཅས་བྱེད་དགོས།  ལག་རྩལ་འགག་སྒྲོལ་དང་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་པ་དང་།    རྩིས་ནུས་བཀོད་གཏོང་དང་རྩིས་གློག་ལ་མཉམ་དུ་ལྟ་ཞིབ་ཚད་ལེན་བྱེད་པ་སོགས་འགག་རྩའི་ལག་རྩལ་ལ་སྤྱི་འདོམས་ཞིབ་འཇུག་བྱས་ནས། ལག་རྩལ་སྔོན་ཐོན་ཡིན་པ་དང་མཁོ་སྤྲོད་ཆ་སྡེབས་ཡིན་ལ། བདེ་འཇགས་ཡིན་ཞིང་བློ་གཏད་ཆོག་པའི་ལྗང་གློག་གི་ཐཱན་མེད་ཚོགས་པ་ཞིག་ཆགས་པར་བྱེད་དགོས།    ཇུས་ཐོན་སློབ་ཞིབ་བཞིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་ཤེས་ལྡན་མི་སྣ་ནང་འདྲེན་དང་གསོ་སྐྱོང་བཅས་བྱེད་ཤུགས་ཆེ་རུ་བཏང་ནས། ལྗང་མདོག་རྩིས་གློག་གི་མཐུན་སྦྱོར་འཕེལ་རྒྱས་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱེད་དགོས།     གནད་འཁེལ་ངང་ཚོང་འགུག་དངུལ་འདྲེན་གྱི་བྱ་བ་སྤེལ་བ་དང་།    ཚོང་གཉེར་ཁོར་ཡུག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ།    ཁེ་ལས་གཙོ་བོ་སྐོར་ཞིག་མཚོ་སྔོན་དུ་གཞིས་ཆགས་རྒྱུར་གདན་ཞུ་བྱེད་པ་བཅས་བྱས་ནས། ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་སྐྱེ་ཁམས་མགྱོགས་མྱུར་ངང་ཆགས་པར་བྱས་ཏེ། ཧུར་ཐག་གིས་རྒྱལ་ཡོངས་ཀྱི་ལྗང་མདོག་རྩིས་གློག་མཉམ་དུ་འཕེལ་རྒྱས་འགྲོ་བར་མཚོ་སྔོན་གྱི་ཉམས་མྱོང་འདོན་སྤྲོད་བྱེད་དགོས།

གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། རིག་འཛིན་སྒྲོལ་མ།  

རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།


青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章